ལེའུ་གསུམ༌པ།
ན་གཞོན་རྣམས་ལ་གནང་བའི་བསླབ༌བྱ།
བདག་གི་བུ་ལགས་ང་ཡི་བསླབ་བྱ་བརྗེད་མི༌རུང༌། །ཁྱོད་ཀྱི་སེམས་ཀྱིས་ང་ཡི་བཀའ་རྒྱ་ནན་གྱིས་རྩིས།། གང་ལ་ཞེ་ན་དེ་དག༌གིས། །ཚེ་རིང་ན་སོ་ཆེ་བ༌དང༌། །ཞི་བདེ་ཁྱོད་ལ་སྣོན་པར༌འགྱུར།། བྱམས་བརྩེ་དང་ནི་བདེན་པ༌ཉིད། །ཁྱོད་དང་འབྲལ་བར་མི་བྱ༌ཞིང༌། །དེ་གཉིས་རང་གི་སྐེར་བཏགས༌ནས། །སྙིང་གི་བྱང་བུའི་སྟེང་དུ༌ཕྲིས།། དེ་ནས་དཀོན་མཆོག་དང་ནི་མི་གཉིས༌ཀའི། །སྤྱན་སྔར་ཐུགས་རྗེ་མཚན་སྙན་ཁྱོད་ལ༌འཐོབ།། ཁྱོད་ཀྱིས་བློ་གཅིག་སེམས་གཅིག༌གིས། །ཡ་ཝཱེ་ཁོང་ལ་བློ་གཏོད༌ཅིག །རང་གི་རིག་པར་མ་བརྟེན༌ཞིག། རང་ཉིད་འགྲོ་བའི་ལམ་ཀུན༌དུ། །ཁོང་ཉིད་ཁས་ནི་ལེན་པར༌གྱིས། །ཁོང་གིས་ཁྱོད་ཀྱི་བགྲོད་ལམ༌ནི། །བདེ་ཞིང་དྲང་བར་མཛད་ངེས༌ཡིན།། རང་ཉིད་མཁས་པ་ཡིན་པར་མ་འདོད༌ཅིག །ཡ་ཝཱེ་ལ་ནི་གུས་ཤིང་འཇིགས་པར༌གྱིས། །ངན་པའི་ལས་དང་རིང་དུ་བྲལ་གྱུར༌ཅིག། དེས་ནི་ཁྱོད་ཀྱི་ལུས་པོ་བདེ་བ༌དང༌། །ཁྱོད་ཀྱི་རུས་ཟུངས་གསོ་བར་འགྱུར་བ༌འོ།། ཁྱོད་ཀྱིས་རང་གི་རྒྱུ་ནོར༌དང༌། །ལོ་ཏོག་ཀུན་གྱི་ཐོག་ཕུད༌ཀྱིས། །ཡ་ཝཱེ་ལ་ནི་བསྙེན་བཀུར༌གྱིས།། 10 དེ་ནས་ཁྱོད་ཀྱི་བང་མཛོད་བལྟམ་ངེས་ཤིང་། །རྒུན་ཆང་གསར་པས་འཚིར་གཞོང་གང་བར༌འགྱུར།། 11 ངའི་བུ་ཡ་ཝཱེའི་འཆུན་འདོམས་ཁྱད་མ་གསོད། །ཁོང་གི་བཀའ་བཀྱོན་ལ་ཡང་སུན་མི༌རུང༌།། 12 དེ་ནི་གང་གི་ཕྱིར་དུ་ཡིན་ཞེ༌ན། །ཕ་ཡིས་རང་གི་གཅེས་པའི་བུ་ལ༌ནི། །གཤེ་གཤེ་གཏོང་བ་ནང་བཞིན་ཡ་ཝཱེས༌ཀྱང༌། །གཅེས་པ་རྣམས་ལ་བཀའ་བཀྱོན་གནང་ཕྱིར༌རོ།། 13 ཤེས་རབ་རྙེད་པའི་སྐྱེས་བུ༌དང༌། །བློ་གྲོས་ཐོབ་མཁན་བདེ་ཞིང༌སྐྱིད།། 14 དེ་ནི་ཅིའི་ཕྱིར་ཡིན་ཞེ༌ན། །ཤེས་རབ་ལས་ཐོབ་ཁེ་སྤོགས༌ནི། །དངུལ་གྱི་ཁེ་སྤོགས་ལས་ཀྱང༌མཆོག །ཁོ་མོ་ *འདིར་ཁོ་མོ་ཞེས་པ་ནི་གོང་གི་ཤེས་རབ་ལ་གོ་བ་དང་། ཞོལ་ནས་འབྱུང་བའི་ཁོ་མོ་ཞེས་པ་ཡང་དེ་བཞིན་ཡིན། ལས་ཐོབ་ཡོང་འབབ༌ནི། །གསེར་གྱི་ཡོང་འབབ་ལས་ཀྱང༌འཕགས།། 15 པད་མ་ར་ག་ལས་ཀྱང་ཁོ་མོ་རིན་ཐང༌ཆེ། །ཁྱོད་ཀྱིས་གང་འདོད་ཐམས་ཅད་དེ་དང་མཚུངས་ཟླ༌བྲལ།། 16 ཁོ་མོའི་ཕྱག་གཡས་སྐུ་ཚེ་རིང་བ༌དང༌། ཁོ་མོའི་ཕྱག་གཡོན་རྒྱུ་དང་བཀུར་སྟི༌མངའ།། 17 ཁོ་མོའི་གཤེགས་ལམ་རྣམས་ནི་དགའ་བདེའི༌ལམ། །ཁོ་མོའི་ཕེབས་ལམ་ཐམས་ཅད་ཞི་བདེ༌ཡིན།། 18 ཁོ་མོ་དམ་པོར་འཛིན་པ་རྣམས་ལ༌ནི། །ཁོ་མོ་སྲོག་གི་ལྗོན་ཤིང་ཡིན་པ༌དང༌། །ཁོ་མོ་དམ་པོར་འཆིང་བ་ཐམས་ཅད༌བདེ།། 19 ཡ་ཝཱེས་ཤེས་རབ་ཀྱིས་ནི་ས་གཞིའི་རྨང་བཏིངས་ཤིང་། །མཁྱེན་རབ་ཀྱིས་ནི་ནམ་མཁའ་བརྟན་པོར་མཛད་པ༌ལགས།། 20 ཁོང་གི་མཁྱེན་པས་རྒྱ་མཚོའི་གཏིང་འོག༌ཕྲལ། །ནམ་མཁའ་ལས་ཀྱང་བདུད་རྩི་འབབ་པ༌ཡིན།། 21 ངའི་བུ་ཁྱོད་ཀྱིས་ཤེས་རབ་དངོས་མ༌དང༌། །ཤན་འབྱེད་བློ་ནི་ནན་གྱིས་བསྲུངས་ནས༌ནི། །དེ་དག་རང་གི་མཐོང་རྒྱར་འབྲལ་མི༌བྱ།། 22 དེ་ནས་དེ་དག་ཁྱོད་ཀྱི་ཚེ་སྲོག༌དང༌། །མགུལ་གྱི་རྒྱན་དུ་ཡང་ནི་འགྱུར་ངེས༌ཤིང༌།། 23 ཁྱོད་རང་ལམ་དུ་བདེ་བར་འགྲོ་བ༌དང༌། །གོམ་པ་ཡང་ནི་འཁྱོར་བར་མི་འགྱུར༌རོ།། 24 ཁྱོད་རང་སྙེ་བའི་དུས་སུ་འཇིགས་མི༌འགྱུར། །མལ་དུ་ཉལ་དུས་བདེ་བའི་གཉིད་དུ༌ཡུར།། 25 གློ་བུར་བྱུང་བའི་འཇིགས་པར་མ་སྐྲག༌ཅིག །མི་ངན་རྩ་མེད་གཏོང་དུས་མ་དངངས༌ཤིག། 26 ཡ་ཝཱེ་ཁོང་ཉིད་ཁྱོད་ཀྱི་བརྟེན་ས༌ཡིན། །ཁྱོད་ཀྱི་རྐང་པ་རྙི་རྒྱར་མི་ཚུད༌ཆེད། །ཁོང་གིས་བསྲུང་བར་འགྱུར་བའི་ཕྱིར་དུ༌ཡིན།། 27 ཁྱོད་ཀྱི་ལག་པའི་ནང་དུ་དྲིན་བྱེད༌པའི། །དབང་ཡོད་རིང་ལ་གཡོལ་ཐབས་མི་བྱེད༌པར། །རོགས་རམ་མཁོ་བ་རྣམས་ལ་དྲིན་གཟོས༌ཤིག། 28 ཅི་སྟེ་ཁྱོད་ཀྱི་ལག་ཏུ་ཡོད་དུས༌སུ། །རང་གི་ཁྱིམ་མཚེས་ལ་ནི་ད་སོང༌ཞིག །སང་ཉིན་ཤོག་དང་ངས་ཁྱོད་སྦྱིན་མ༌ཟེར།། 29 ཁྱིམ་མཚེས་ཁྱོད་རྩར་བདེ་བར་སྡོད་པའི༌ཚེ། །ཇུས་ངན་བཏབ་ནས་དེ་ལ་འཚེ་མི༌རུང༌།། 30 ཁྱོད་ལ་གནོད་པ་བསྐྱལ་བ་མིན་ན༌ནི། །སུ་ཞིག་ལ་ཡང་དོན་མེད་འཁྲུག་མི༌བྱ།། 31 གདུག་རྩུབ་ཅན་ལ་ཕྲག་དོག་མ་བསྐྱེད༌ཅིག །དེ་ཡི་ལམ་ནི་གང་ཡང་འདེམས་མི༌རུང༌།། 32 དེ་ནི་ལོག་ལམ་ཕྱིན་པ༌ལ། །ཡ་ཝཱེ་ཐུགས་ནས་ཞེན་ལོག༌ཅིང༌། །གཞུང་རྒྱུད་དྲང་བའི་མི་རྣམས༌ལ། །ཁོང་གིས་སྙིང་ནས་བརྩེ་ཕྱིར༌རོ།། 33 མི་ངན་ཁྱིམ་ལ་ཡ་ཝཱེའི་དམོད་པ༌ཐེབས། །དྲང་པོའི་ཁྱིམ་ལ་ཁོང་གིས་བྱིན་རླབས༌གནང༌།། 34 འཕྱ་མཁན་རྣམས་ལ་ཁོང་གིས་འཕྱ་བར༌མཛད། །འོན་ཀྱང་སྙེམས་ཆུང་མི་ལ་ཐུགས་རྗེས༌གཟིགས།། 35 ཤེས་རབ་ཅན་ལ་བཀུར་སྟི་མངའ་འགྱུར༌ཡང༌། །གླེན་པ་རྣམས་ནི་ངོ་ཚར་ལྷུང་བར༌འགྱུར།།

*ལེའུ་གསུམ༌པ།:14 འདིར་ཁོ་མོ་ཞེས་པ་ནི་གོང་གི་ཤེས་རབ་ལ་གོ་བ་དང་། ཞོལ་ནས་འབྱུང་བའི་ཁོ་མོ་ཞེས་པ་ཡང་དེ་བཞིན་ཡིན།