ལེའུ་བརྒྱད༌པ།
ཤེས་རབ་ཀྱི་བསྟོད༌པ།
1 ཤེས་རབ་ཀྱིས་ནི་འབོད་སྐད་མི་སྒྲོག༌གམ། །གོ་རྟོགས་ཀྱིས་ནི་སྐད་སྒྲ་མི་འདོན༌ནམ།། 2 ཁོ་མོ་ལམ་འགྲམ་གནས་ཀྱི་མཐོ་ས༌དང༌། །རྒྱ་ལམ་བཞི་མདོར་འགྲེང་ནས་སྡོད་པ༌དང༌།། 3 མཁར་སྒོའི་ཉེ་འགྲམ་དང་ནི་སྒོ་ཁ་དང་། །གྲོང་ཁྱེར་ནང་དུ་འཇུག་སའི་རྒྱལ་སྒོ་རུ། །སྐད་གསང་མཐོན་པོས་འབོད་སྒྲ་སྒྲོག་པ༌སྟེ།། 4 ཀྱེ་ཀྱེ་མི་རྣམས་བདག་གིས་ཁྱོད་རྣམས༌འབོད། །འཇིག་རྟེན་མི་རྣམས་ལ་ནི་སྐད་སྒྲ༌སྒྲོག། 5 ཀྱེ་ཀྱེ་བླུན་པོ་རྣམས་ཀྱིས་བློ་རིག༌སྦྱོངས། །གླེན་པ་དག་གིས་དོན་རྣམས་རྟོགས་པར༌གྱིས།། 6 ཁྱོད་ཚོས་ཉོན་ཅིག་གང་ལ་ཞེ་ན༌ནི། །ང་ཡིས་ཡིད་དུ་འོང་བའི་དོན་རྣམས༌གླེང༌། །མཆུ་སྒྲོས་བར་ནས་དྲང་པོའི་གཏམ་བརྗོད༌དོ།། 7 བདག་གི་ཁ་ནས་བདེན་པའི་ཚིག་སྨྲ༌ཞིང༌། །ང་ཡི་མཆུ་སྒྲོས་ངན་པར་ཞེན་ཁ༌ལོག། 8 ང་ཡི་གཏམ་ནི་ཐམས་ཅད་དྲང་བདེན༌ཡིན། །གཡོ་སྒྱུ་དང་ནི་ཕྱིན་ཅི་ལོག་པ༌མེད།། 9 གོ་བ་ཅན་ལ་དེ་རྣམས་དྲང་པོ༌ཡིན། །ཤེས་ཡོན་ཅན་ལ་ཐམས་ཅད་འཁྲུལ་མེད༌ཡིན།། 10 ཁྱོད་ཚོས་དངུལ་ལས་ང་ཡི་གདམས་ངག༌ལོངས། །བཙོ་མའི་གསེར་ལས་ཀྱང་ནི་ཤེས་ཡོན༌འདེམས།། 11 གང་ལ་ཞེ་ན་པདྨ་ར་ག༌ལས། །ཤེས་རབ་ཤིན་ཏུ་ལེགས་པོ་ཡིན་པ༌དང༌། །ཁྱོད་ཀྱི་འདོད་མོས་བསྐྱེད་པ་གང་ཡིན༌ཡང༌། །ཁོ་མོའི་དོ་ཟླར་འོས་པ་ཅི་ཡང༌མེད།། 12 ཤེས་རབ་བདག་ནི་བློ་གྲོས་མཉམ་དུ༌གནས། །བདག་ལ་ཤེས་ཡོན་དང་ནི་ཐབས་ཇུས༌ལྡན།། 13 ཡ་ཝཱེ་ཁོང་ལ་གུས་ཤིང་འཇིགས་པ༌ནི། །ངན་པ་ལ་ནི་སྡང་བ་དེ་ཡིན༌ཞིང༌། །བདག་ནི་ང་རྒྱལ་ཁེངས་དྲེགས་སྤྱོད་ངན༌དང༌། །སྨྲ་སྒོ་ཕྱིན་ཅི་ལོག་པ་བཅས་ལ༌སྡང༌།། 14 བདག་*འདིར་བདག་ཅེས་པ་ནི་ཤེས་རབ་ལ་གོ་དགོས་པ་དང་། ལེའུ་འདིའི་ནང་གི་བདག་གམ་ང་རང་ཞེས་པ་དོན་གཅིག་ཡིན་ཏེ་ཤེས་རབ་ལ་གོ་དགོས། ལ་གདམས་ངག་དང་ནི་ཐབས་མཁས༌མངའ། །བློ་གྲོས་དང་ནི་མཐུ་སྟོབས་ལྡན་པ༌ཡིན།། 15 ང་ལ་བརྟེན་ནས་རྒྱལ་པོས་སྲིད་སྐྱོང༌ཞིང༌། །དབང་སྒྱུར་མཁན་གྱིས་དྲང་གཞག་གཏན་ལ༌འབེབས།། 16 འགོ་དཔོན་སྐུ་དྲག་ཁྲིམས་དཔོན་དྲང་གཞག༌ཅན། །ཀུན་པོས་བདག་ལ་བརྟེན་ནས་རྒྱལ་སྲིད༌སྐྱོང༌།། 17 ང་རང་གཅེས་སུ་འཛིན་པར་ངས་ཀྱང༌གཅེས། །ང་རང་བཙལ་ན་ང་ནི་རྙེད་པར༌འགྱུར།། 18 རྒྱུ་ནོར་དང་ནི་བཀུར་སྟི་བདག་ལ༌དབང༌། །གཏན་གྱི་འབྱོར་བ་དྲང་བདེན་བདག་གི༌ཡིན།། 19 བདག་གི་འབྲས་བུ་གསེར་ལས་ལྷག་པ༌དང༌། །གསེར་སྦྱང་བཙོ་མ་ལས་ཀྱང་མཆོག་ཏུ༌གྱུར། །བདག་གི་ཐོབ་འབབ་དངུལ་རྐྱང་ལས་ཀྱང༌ལྷག། 20 བདག་ནི་དྲང་བདེན་ལམ་དུ༌སྐྱོད། །དྲང་གཞག་ལམ་དུ་བསྐྱོད་པ༌ཡིན།། 21 ང་རང་གཅེས་སུ་འཛིན་པར་རྒྱུ་ནོར༌གནང༌། །ཁོ་ཚོའི་གཏེར་མཛོད་གང་བར་བྱེད་པ༌འོ།། 22 ཡ་ཝཱེས་འགོད་པའི་འཕྲིན་ལས་རྩོམ་དུས༌དང༌། །གདོད་མར་ཅི་ཡང་མ་བཀོད་སྔོན་རོལ༌དུ། །ཁོང་གིས་ང་རང་གནས་པར་མཛད་པ༌འོ།། 23 གནའ་བོའི་དུས་དང་གདོད་མ་ཉིད་ཀྱི༌དུས། །ས་གཞི་མ་ཆགས་སྔོན་ལ་ང་རང༌བསྐོས།། 24 གཏིང་ཟབ་རྒྱ་མཚོ་དང་ནི་ཆུ་མོད༌པོའི། །ཆུ་མིག་མ་བྱུང་སྔོན་ལ་ང་རང༌སྐྱེས།། 25 རི་བོ་རྣམས་ནི་མ་ཚུགས་སྔ་རོལ༌དང༌། །དེའུ་འབུར་མ་བྱུང་གོང་ལ་བདག་ནི༌སྐྱེས།། 26 དེའི་དུས་ཡ་ཝཱེས་ས་ཡི་གོང་བོ༌དང༌། །ཐང་རྒོད་དང་ནི་ས་གཞིའི་ས་རྡུལ༌རྣམས། །ད་དུང་བཀོད་པར་མ་མཛད་སྔོན་རོལ༌ཡིན།། 27 ཁོང་གིས་ནམ་མཁའི་དབྱིངས་རྣམས་འགོད་པ༌དང༌། །གཏིང་ཟབ་མཐའ་མཚམས་རྣམས་སུ་དཀྱིལ་འཁོར༌ནི། །མཛད་པའི་དུས་སུ་ང་རང་དེ་རུ༌མཆིས།། 28 ཁོང་གིས་སྟེང་གི་དབྱིངས་རྣམས་བརྟན་པོ༌དང༌། །གཏིང་ཟབ་ཆུ་མིག་རྣམས་ནི་སྲ་བརྟན༌མཛད།། 29 ཆུ་རྣམས་ཁོང་གི་བཀའ་ལས་མི་བརྒལ༌ཕྱིར། །རྒྱ་མཚོ་ཆེན་པོའི་མཐའ་མཚམས་གཏན་ལ༌ཕབ། །ས་གཞིའི་རྨང་གཞི་རྣམས་ཀྱང་ཁོང་གིས༌བཏིངས།། 30 དེའི་དུས་ཁོང་དྲུང་ང་རང་ལག་ཤེས༌ཡིན། །ཉིན་རེ་བཞིན་དུ་དགའ་སྤྲོས་ཁེངས་པ༌དང༌། །ཁོང་གི་ཞལ་དྲུང་དུས་རྒྱུན་དགའ་མགུ༌རང༌།། 31 ཁོང་གི་ས་གཞི་སྟེང་དུ་དགའ་མགུ༌རང༌། །འཇིག་རྟེན་མི་རྣམས་ལྷན་ཅིག་སྐྱིད་ལ༌རོལ།། 32 ཀྱེ་ཀྱེ་བུ་རྣམས་ད་ལྟ་བདག་ལ༌ཉོན། །བདག་གི་ལམ་རྣམས་སྲུང་བར་བྱིན་རླབས༌འཐོབ།། 33 བསླབ་བྱར་མཉན་ཏེ་ཤེས་རབ་ལྡན་པར༌གྱིས། །དེ་ནི་ནམ་ཡང་སྤང་བར་མི་བྱ༌འོ།། 34 བདག་ལ་ཉན་ཞིང་ཉིན་རྒྱུན་ངའི་སྒོ༌ཁར། །གཟབ་གཟབ་བྱས་ནས་རེ་ལྟོས་བཅང་མཁན༌དང༌། །སྒོ་འགྲམ་སྒུག་པ་རྣམས་ལ་བྱིན་རླབས༌འཐོབ།། 35 གང་ལ་ཞེ་ན་ང་རང་རྙེད་པ༌ཡིས། །ཚེ་སྲོག་རྙེད་ཅིང་ཡ་ཝཱེའི་ཐུགས་རྗེ༌ཐོབ།། 36 བདག་དང་འགལ་ན་རང་ལ་འཚེ་བ༌ཡིན། །ང་ལ་སྡང་བ་འཆི་བར་དགའ་བ༌འོ།།
*ལེའུ་བརྒྱད༌པ།:14 འདིར་བདག་ཅེས་པ་ནི་ཤེས་རབ་ལ་གོ་དགོས་པ་དང་། ལེའུ་འདིའི་ནང་གི་བདག་གམ་ང་རང་ཞེས་པ་དོན་གཅིག་ཡིན་ཏེ་ཤེས་རབ་ལ་གོ་དགོས།