ལེའུ་ཉེར་ལྔ༌པ།
སོ་ལོ་མོན་གྱི་ལེགས་བཤད་ཁག༌ཅིག
ཡ་ཧུ་དཱ་ཡི་རྒྱལ་པོ་ཧི་ཟི་ཀི༌ཡཱའི་མི་རྣམས་ཀྱིས་བཤུས་ནས་ཐོན་པའི་སོ་ལོ་མོན་གྱི་ལེགས་བཤད་ནི་འདི་ལྟ༌སྟེ། གསང་བར་བྱེད་པ་དཀོན་མཆོག་དཔལ་ཡིན༌ཞིང༌། །རྩད་གཅོད་བྱེད་པ་རྒྱལ་པོའི་གཟི་དཔལ༌ཡིན།། མཐོན་པོ་གནམ་དང་སྟུག་པོ་ས་གཞི༌བཞིན། །རྒྱལ་པོའི་སེམས་ཀྱང་རྟོགས་པར་མི་ནུས༌སོ།། དངུལ་གྱི་སྙིགས་རོ་ཕྱུང་ཞིག༌དང༌། །དངུལ་མགར་གྱིས་ནི་སྣོད་ཆས༌བཟོ།། ངན་པ་རྒྱལ་པོའི་མདུན་ནས༌སྐྲོད། །དྲང་པོའི་ནང་དུ་རྒྱལ་ཁྲི༌བརྟན།། རྒྱལ་པོའི་དྲུང་དུ་རང་རློམ་བྱེད་མི༌རུང༌། །མི་ཆེན་ཁྲོད་དུ་རང་དགར་འགྲེང་མི༌རུང༌།། ཁྱོད་ཀྱིས་དངོས་སུ་མཐོང་བ༌ཡི། །སྐུ་དྲག་མདུན་དུ་འབེབས་པ༌ལས། །གྲལ་མགོར་ཕེབས་ཤོག་ཟེར་ན༌ལེགས།། རྟབ་རྟོབ་མི་ལ་འཐབ་ཕྱིར་འགྲོ་མི༌རུང༌། །དེ་ལྟར་བྱས་ཚེ་ཁྱོད་རང་ཁྱིམ་མཚེས༌ཀྱིས། །ངོ་ཚར་གཏད་ན་ཁྱོད་ཀྱིས་ཅི༌བྱ་འམ།། རྩོད་གཞི་ཡོད་ན་ཁྱིམ་མཚེས་ཁོ་ནར༌རྩོད། །གཞན་གྱི་གསང་བ་ཕྱི་ལ་འཆད་མི༌རུང༌།། 10 བཤད་ན་ཐོས་པའི་མི་ཡིས་ཁྱོད་ལ༌བསྡིག །ཁྱོད་རང་མིང་ངན་ལས་ནི་ཐར་མི༌འགྱུར།། 11 ཚིག་གཅིག་སྨྲས་པ་གནད་ལ་ཁེལ་ན༌ནི། །དངུལ་གྱི་སྣོད་ནང་གསེར་གྱི་ཀུ་ཤུ༌འདྲ།། 12 མཁས་པའི་ཞལ་ཏ་བཀའ་ལ་ཉན་པ༌ཡི། །རྣ་བར་མཚོན་ན་གསེར་གྱི་རྣ་ཆ༌དང༌། །བཙོ་མའི་གསེར་གྱི་རྒྱན་ཆ་ལྟ་བུ༌ཡིན།། 13 བློ་སེམས་དཀར་བའི་བང་ཆེན༌དེ། །ཁོ་རང་མངག་མཁན་མི་ལ༌ནི། །སྟོན་ཐོག་བསྡུ་བའི་དུས་ཚིགས༌སུ། །ཁ་བའི་བསིལ་བུ་བཞིན་ཡིན༌ཏེ། །བདག་པོའི་སེམས་ཁམས་གསོ་བར༌བྱེད།། 14 རྔན་པར་བསྟོད་ཀྱང་མི་སྦྱིན༌པ། །ཆར་བ་མེད་པའི་སྤྲིན་དང༌མཚུངས།། 15 ཡུན་རིང་བཟོད་བསྲན་བྱེད་མཁན༌གྱིས། །དཔོན་པོའི་བློ་ཁ་བསྒྱུར་བ༌དང༌། །ལྕེ་འཇམ་གྱིས་ནི་རུས་པ༌གཅོག། 16 སྦྲང་རྩི་ཐོབ་ན་འཇུ་ཚད༌ཟོ། །མང་མང་ཟོས་ན་སྐྱུག་པར༌འགྱུར།། 17 ཁྱིམ་མཚེས་ནང་དུ་རྐང་པ་སྤོ་མ༌མང༌། །མང་ན་ཁོ་ནི་ཁྱོད་ལ་སུན་ཞིང༌སྡང༌།། 18 རྫུན་གྱི་དཔང་པོས་ཁྱིམ་མཚེས་ལ་འཚེ༌མཁན། །ཐོ་བ་རལ་གྲི་རྣོན་པོ་མདའ་དང༌འདྲ།། 19 ཆག་སྒོ་འབྱུང་དུས་ཁྲམ་པར་བརྟེན་པ༌ནི། །སོ་ཆག་ཚིགས་འབུད་རྐང་པར་བརྟེན་དང༌མཚུངས།། 20 སྐྱོ་གདུང་སེམས་ལ་གླུ་གཞས་ལེན་པ༌ནི། །འཁྱག་པའི་དུས་སུ་གྱོན་གོས་ཕུད་པ༌དང༌། །རྨ་ཁའི་སྟེང་ལ་སྐྱུར་ཁུ་བླུགས་འདྲ༌ཡིན།། 21 ཁྱོད་ཀྱི་དགྲ་བོ་ལྟོགས་ན་ཁ་ཟས༌བྱིན། །སྐོམ་པ་བྱུང་ན་དེ་ལ་འཐུང་ཆུ༌སྦྱིན།། 22 གང་ལ་ཞེ་ན་དེ་བཞིན་སྒྲུབ་པ༌ནི། །དེ་ཡི་མགོ་ལ་སོལ་མེ་སྤུངས་པ༌ཡིན། །ཡ་ཝཱེས་ཁྱོད་ལ་བྱ་དགའ་གནང་བར༌འགྱུར།། 23 བྱང་རླུང་གིས་ནི་ཆར་བ་འདྲེན་པ༌ལྟར། །ལྐོག་ངན་སྨྲ་བའི་ལྕེ་ཡིས་ངོ་གདོང༌གནག། 24 བུད་མེད་འཁོན་ཞུགས་མཉམ་དུ་ཁང་པར་སྡོད་པ༌ལས། །ཁང་པའི་ཀླད་ཀྱི་གྲུ་ཟུར་སྡོད་པ་ཅིས་མི༌ལེགས།། 25 རྒྱང་རིང་ཡུལ་ནས་ཐོན་པའི་གཏམ་བཟང༌ནི། །ངལ་བའི་མི་ལ་གྲང་མོ་ཆུ་བཞིན༌ཡིན།། 26 ངན་པའི་མདུན་དུ་དྲང་པོ་མགོ་བསྒུར༌ན། །རྙོག་པའི་ཆུ་མིག་སྦགས་པའི་ཁྲོན་པ༌བཞིན།། 27 སྦྲང་རྩི་ཚད་མེད་སྤྱད་ན་མི་ལེགས༌ཤིང༌། །རང་ལ་བཀུར་སྟི་འཚོལ་བ་དེ་བཞིན༌ཡིན།། 28 རང་གི་སེམས་ལ་ཚོད་འཛིན་མི་བྱེད༌ན། །ལྕགས་རི་མེད་པའི་ཞིག་རལ་གྲོང་དང༌མཚུངས།།