གསུང་མགུར་བདུན༌པ།
དྲང་བདེན་གྱི་ཆེད་དུ་ཞུས་པའི་སྨོན་ལམ།
1 ༼པེན་ཡཱ་མེན་པ་གུ་ཤའི་ཚིག་ལ་བརྟེན་ནས་དཀོན་མཆོག་ཡ་ཝཱེ་ལ་ཕུལ་བའི་དཱ་བིད་ཀྱི་ཤིས་ག་ཡོན་ཞིག༽ ཀྱེ་ཀྱེ་ *གོང་གི་ཤིས་ག་ཡོན་ཞེས་པ་ནི་རྩོམ་ལུས་སམ་ཡང་ན་དབྱངས་རྟ་ཡི་དོན་ཡིན་པར༌གསུངས། སཱ་མུ་ཨེལ་གཉིས༌པའི་ལེའུ་བཅོ་བརྒྱད་ཀྱི་ཚིག་རྐང་བཅུ་དགུ་ནས་སོ་གསུམ་བར་དུ་གཟིགས༌རོགས། ང་ཡི་དཀོན་མཆོག༌ཡ་ཝཱེ་ལགས། །བདག་ནི་ཁྱེད་ལ་སྐྱབས་སུ་འགྲོ་བར༌བྱ། །འདེད་མཁན་ཀུན་ལས་བསྐྱབས་ནས་སྒྲོལ་བར༌མཛོད།། 2 དེ་ལྟར་མིན་ཚེ་ཁོ་ཚོས་སེང་གེ༌བཞིན། །ང་རང་གཤགས་ནས་དུམ་བུར་ཕྲལ༌ན་ཡང་། །སྐྱོབ་མཁན་སུ་ཡང་འབྱུང་བར་མི་འགྱུར༌རོ།། 3 ཀྱེ་ཀྱེ་ང་ཡི་དཀོན་མཆོག༌ཡ་ཝཱེ་ལགས། །གལ་སྲིད་བདག་གིས་ལས་འདི་བྱས་ཡོད༌ན། །བདག་གི་ལག་ཏུ་ཉེས་པ་གང་ཡོད༌ན།། 4 ཞི་མཐུན་མི་ལ་བཟང་ལན་ངན་འཇལ༌ལམ། །དོན་མེད་དགྲ་ལས་འཕྲོག་བཅོམ་བྱས་ཡོད༌ན།། 5 དེ་ནས་དགྲ་བོས་ང་རང་ཟིན་ནས༌ནི། །ང་ཡི་སྲོག་ནི་རྐང་པས་སར་བརྫི༌ཞིང༌། །ང་ཡི་གཟི་དཔལ་རྡུལ་དུ་བརླག་པའི༌བར། །ཇི་ལྟར་འདེད་ན་དེ་བཞིན་འདེད་དུ༌ཆུགས།། ༼ སེ༌ལཱ། ༽ 6 ཁྱེད་ཉིད་ཐུགས་ཁྲོའི་ནང་དུ་བཞེང་བར་མཛོད། །དགྲ་བོའི་ཁོང་ཁྲོར་རྒོལ་དུ་བཞེང་བར་མཛོད། །བདག་དོན་སད་ནས་དྲང་པོའི་ཁྲིམས་གཅོད༌རོགས།། 7 མི་སྡེ་ཐམས་ཅད་འདུས་ནས་ཁྱེད་བསྐོར༌ཅིང༌། །ཡང་བསྐྱར་མཐོ་སར་བཞུགས་ཏེ་དབང་སྒྱུར༌ཤོག། 8 ཡ་ཝཱེས་མི་སྡེ་རྣམས་ལ་ཁྲིམས་གཅོད༌མཛད། །ཀྱེ་ཀྱེ་ཡ་ཝཱེས་ང་ཡི་དྲང་བདེན༌དང༌། །རྣམ་དག་སེམས་ལ་བསྟུན་ནས་ཁྲིམས་གཅོད༌རོགས།། 9 དཀོན་མཆོག་དྲང་པོས་མི་ཡི་བསམ་པ༌དང༌། །སྙིང་ཁོང་རུས་པའི་གཏིང་ལ་དཔྱད་པས༌ན། །ངན་པའི་གདུག་རྩུབ་རྦད་དེ་ཚར་གཅོད༌ཅིང༌། །དྲང་བདེན་མི་རྣམས་བདེ་ལ་བཀོད་གྱུར༌ཅིག། 10 དཀོན་མཆོག་ཁོང་ཉིད་བདག་གི་ཕུབ་ཡིན༌ཞིང༌། །ཁོང་གིས་སེམས་རྒྱུད་དྲང་བའི་མི་རྣམས༌སྐྱོབ།། 11 དཀོན་མཆོག་ཁོང་ཉིད་ཁྲིམས་དཔོན་དྲང་པོ༌ལགས། །ཉིན་རེར་ངན་པར་ཁྲོ་བའི་དཀོན་མཆོག༌ལགས།། 12 གལ་ཏེ་མི་ཡིས་འགྱོད་བཤགས་མི་བྱེད༌ན། །ཁོང་གིས་རལ་གྲི་རྣོན་པོར་བརྡར་བ༌དང༌། །མདའ་མོ་གཞུ་ལ་བཀུག་ནས་འཕེན་རྐྱང༌བྱ།། 13 ཁོང་གིས་སྲོག་ལེན་མཚོན་ཆ་བཤམས་ནས༌ཡོད། །འཕེན་པའི་མདའ་རྣམས་མེ་ཡི་མདའ་རུ༌མཛད།། 14 ལྟོས་དང་རང་གི་སྡིག་ཉེས་རྐྱེན་དབང༌གིས། །ངན་པས་ཕྲུ་གུ་བཙའ་བའི་ཟུག་གཟེར༌མྱོང༌། །གདུག་རྩུབ་ཡིད་ལ་བཅངས་ནས་འཕྲུལ་སྣང༌བསྐྱེད།། 15 མི་དེས་གཏིང་ཟབ་ས་དོང་འབྲུ་བ༌དང༌། །རང་གིས་བྲུས་པའི་དོང་ལ་རང་ཉིད༌ལྷུང༌།། 16 ཁོ་ཡི་གདུག་རྩུབ་རང་གི་མགོ་ལ༌འོང༌། །ཁོ་ཡི་གཏུམ་དྲག་རང་གི་སྤྱི་བོར༌འབབ།། 17 ཡ་ཝཱེའི་དྲང་བདེན་དང་ནི་འཚམ་པ༌ཡི། །བདག་གིས་ཁོང་ལ་བཀའ་དྲིན་ཞུ་བར༌བྱ། །བླ་མེད་ཡ་ཝཱེའི་མཚན་ལ་བསྟོད་བསྔགས༌བརྗོད།།
*གསུང་མགུར་བདུན༌པ།:1 གོང་གི་ཤིས་ག་ཡོན་ཞེས་པ་ནི་རྩོམ་ལུས་སམ་ཡང་ན་དབྱངས་རྟ་ཡི་དོན་ཡིན་པར༌གསུངས། སཱ་མུ་ཨེལ་གཉིས༌པའི་ལེའུ་བཅོ་བརྒྱད་ཀྱི་ཚིག་རྐང་བཅུ་དགུ་ནས་སོ་གསུམ་བར་དུ་གཟིགས༌རོགས།