གསུང་མགུར་ཉེར་བདུན༌པ།
བསྟོད་བསྔགས་བརྗོད་པའི་གསོལ་འདེབས།
༼དཱ་བིད་ཀྱི་མགུར༌མ།༽ ཡ་ཝཱེ་བདག་གི་འོད་དང་ཐར་པ༌ཡིན། །དེའི་ཕྱིར་ང་རང་སུ་ལ་འཇིགས་དགོས༌སམ། །ཡ་ཝཱེ་ང་ཡི་སྲོག་གི་སྟོབས་ཡིན༌པས། །ང་ནི་སུ་དང་གང་ལའང་སྐྲག་དོན༌མེད།། ང་ལ་སྡང་བའི་ངན་སྤྱོད་དགྲ་རྣམས༌ནི། །ངའི་ཤ་བཟའ་བར་རུབས་དུས་ཐོགས་ཏེ༌འགྱེལ།། དཔུང་གིས་ང་ལ་འཐབ་ཏུ་སྒར་བཏབ༌ཀྱང༌། །ང་ཡི་སེམས་ལ་འཇིགས་སྣང་གང་ཡང༌མེད། །ངའི་སྟེང་དམག་དཔུང་དྲངས་ཀྱང་བརྟན་པོར༌ཚུགས།། བདག་གིས་ཡ་ཝཱེར་དོན་ཞིག་ཞུས་མྱོང༌ལ། །ད་ལྟ་ད་དུང་ང་ཡིས་འཚོལ་བ༌སྟེ། །ཚེ་གང་ཡ་ཝཱེའི་བཞུགས་གནས་སུ་བསྡད༌ནས། །ཁོང་གི་བཟང་པོ་མཇལ་བར་ཡར་བལྟ༌ཞིང༌། །ཁོང་གི་མཆོད་ཁང་ནང་དུ་བཀའ་འདྲི༌ཞུ།། དེ་ནས་སྡུག་བསྔལ་འབྱུང་བའི་ཉིན་མོ༌ལ། །གུར་ཁང་ནང་དུ་སྦས་ནས་བསྲུང་བར༌འགྱུར། །གུར་མཆོག་ཕག་ཏུ་ང་རང་སྦ་བར༌མཛད། །བྲག་རྡོའི་སྟེང་དུ་ང་རང་འདེགས་པར༌བྱ།། ད་ལྟ་བདག་གི་མགོ་བོ་ཡར་བཀྱགས༌ནས། །ང་རང་བསྐོར་བའི་དགྲ་ལས་མཐོ་བར༌མཛད། །ཁོང་གི་གུར་མཆོག་ནང་དུ་དགའ་སྤྲོས༌མཆོད། །མགུར་གླུ་ལེན་བཞིན་ཡ་ཝཱེར་བསྟོད་པ༌འབུལ།། ཀྱེ་ཀྱེ་ཡ་ཝཱེ་བདག་གིས་འབོད་དུས༌སུ། །ཁྱེད་ཀྱིས་ང་ཡི་སྐད་ལ་གསན་པར༌མཛོད། །ང་ལ་སྙིང་རྗེ་མཛད་ཅིང་བཀའ་ལན༌གནོངས།། ངའི་གདོང་ཚོལ་ཞིག་གསུངས་དུས་བདག་སེམས༌ཀྱིས། །ཡ་ཝཱེའི་ཞལ་ངོ་ང་ཡིས་འཚོལ་ཞེས༌ཞུ།། ཁྱེད་ཀྱི་ཞལ་རས་བདག་ལ་མི་སྦ༌ཞིང༌། །ཐུགས་ཁྲོ་དང་བཅས་ཞབས་ཕྱི་མི་སྐྲོད་རོགས། །ཁྱེད་ཉིད་གདོད་ནས་ང་ཡི་སྡོངས་གྲོགས༌ཡིན། །བདག་གི་སྲོག་སྐྱོབ་ལགས་པའི་དཀོན་མཆོག༌ཀྱེ། །ང་རང་མ་སྤོང་བསྐྱུར་བར་མི་མཛད༌རོགས།། 10 བདག་གི་ཕ་མས་ང་རང་བསྐྱུར་ན༌ཡང༌། །ཡ་ཝཱེས་ང་ལ་སྣེ་ལེན་མཛད་པར༌འགྱུར།། 11 ཡ་ཝཱེ་ཁྱེད་ཀྱི་གཤེགས་ལམ་ང་ལ༌སྟོན། །དགྲ་ཡི་རྐྱེན་གྱིས་བདེ་སྙོམས་ལམ་དུ༌འཁྲིད།། 12 རྫུན་གྱི་དཔང་པོ་ལངས་ནས་ང་རྒོལ༌ཞིང༌། །ཁ་རུ་གདུག་རྩུབ་གཏམ་ངན་སྨྲ་བས༌ན། །ང་ནི་དགྲ་བོས་ཅི་མོས་བྱེད་མ༌འཇུག། 13 ཡ་ཝཱེའི་བཀའ་དྲིན་གསོན་ཡུལ་དུ་མཇལ༌བར། །ང་ལ་ཡིད་ཆེས་བརྟན་པོ་ཡོད་པ༌ཡིན།། 14 ཡ་ཝཱེར་སྒུགས་དང་ངར་ཤུགས་ཆེན་པོའི༌ངང༌། །སྙིང་རུས་བསྐྱེད་ནས་ཡ་ཝཱེར་སྒུག་པར༌གྱིས།།