གསུང་མགུར་སོ་གསུམ༌པ།
བསྟོད་པའི་མགུར་མ།
དྲང་པོས་ཡ་ཝཱེར་བརྟེན་ནས་དགའ་འབོད༌བྱོས། །བསྟོད་དབྱངས་འབུལ་བ་ཁྱེད་ཚོར་འཚམ་པ༌ཡིན།། ཡ་ཝཱེར་པི་ཝང་དཀྲོལ་ནས་གཏང་རག༌ཕུལ། །རྒྱུད་བཅུའི་རྒྱུད་མངས་འཁྲོལ་ཞིང་མགུར་དབྱངས༌ཕུལ།། ཁོང་ལ་མགུར་མ་གསར་པ་ལེན་པ༌དང༌། །དགའ་འབོད་བྱེད་ཅིང་བྱང་ཆ་ལྡན་པར༌དཀྲོལ།། ཁོང་གི་བཀའ་ནི་དྲང་ཞིང་བདེན་པ༌དང༌། །འཕྲིན་ལས་མཐའ་དག་ཐུགས་རྒྱུད་དྲང་པོས༌མཛད།། དྲང་བདེན་དྲང་གཞག་ལ་ནི་ཡ་ཝཱེ༌མཉེས། །ཁོང་གི་བྱམས་བརྩེ་ས་གཞི་ཡོངས་སུ༌ཁྱབ།། ཁོང་གི་བཀའ་ཡིས༌ནམ་མཁའ་མཛད་པ་དང་། །ཞལ་དབུགས་ཀྱིས་ནི་སྐར་ཚོགས་མཐའ་དག༌བཀོད།། རྒྱ་མཚོའི་ཆུ་རྣམས་བསྡུས་ནས་རགས་སུ༌གྲུབ། །གཏིང་ཟབ་ཆུ་རྣམས་བང་མཛོད་ནང་དུ༌བཅུག། ས་གཞི་ཡོངས་སུ་ཡ་ཝཱེར་འཇིགས་པ༌དང༌། །འཇིག་རྟེན་མི་ཀུན་ཁོང་ལ་གུས་པར༌ཤོག། ཁོང་གིས་གསུངས་པར་མཛད་པས་དེ་ལྟར༌བྱུང༌། །བཀའ་བསྒོ་གནང་བ་ཇི་བཞིན་སྣང་གྱུར༌ཏོ།། 10 ཡ་ཝཱེས་ཕྱི་པའི་གྲོས་རྣམས་འཇིག་པར༌མཛད། །མི་སྡེ་རྣམས་ཀྱི་བསམ་སྦྱོར་འཆོལ་བར༌མཛད།། 11 ཡ་ཝཱེའི་ཐུགས་བཀོད་དུས་རྒྱུན་བརྟན་པ༌དང༌། །ཁོང་གི་ཐུགས་དགོངས་མི་རབས་ཀུན་ཏུ༌གནས།། 12 ཡ་ཝཱེ་དཀོན་མཆོག་ལགས་པའི་མི་རིགས༌བདེ། །ཁོང་གིས་བདག་ཕྱིར་བདམས་པའི་མི་རྣམས་བདེ།། 13 ཡ་ཝཱེས་ནམ་མཁའི་མཐོངས་ནས་གཟིགས་པ༌དང༌། །འཇིག་རྟེན་མིའི་རིགས་ཀུན་ལ་གཟིགས་པར༌མཛད།། 14 ཁོང་གིས་ཉིད་ཀྱི་བཞུགས་པའི་གནས་དེ༌ནས། །ས་གཞིའི་སྟེང་གི་ཡུལ་མི་ཀུན་ལ༌གཟིགས།། 15 ཀུན་པོའི་སྙིང་གི་མཛད་པོ་ཁོང་ཉིད༌ཡིན། །མི་ཡི་བྱ་གཞག་ཐམས་ཅད་མཁྱེན་པ༌འོ།། 16 དམག་དཔུང་ཆེ་བས་རྒྱལ་པོ་ཐར་མི༌འགྱུར། །སྟོབས་ཤུགས་ཆེ་བས་གྱད་མི་འཆོར་མི༌འགྱུར།། 17 རྟ་ནི་སྲོག་སྐྱོབ་ཕྱིར་དུ་ཕན་མེད༌ཡིན། །རྟ་མཆོག་སྟོབས་ཤུགས་ཆེ་ཡང་སྐྱོབ་མི༌ནུས།། 18 ཀྱེ་ཧོ་ཡ་ཝཱེར་གུས་ཤིང་འཇིགས་པ༌དང༌། །ཁོང་གི་བྱམས་བརྩེར་རེ་ལྟོས་བྱེད་མཁན༌ལ། །ཁོང་གི་སྤྱན་གྱིས་གཟིགས་སྐྱོང་མཛད་པ༌ཡིན།། 19 དེ་རྣམས་སྲོག་ནི་འཆི་བ་ལས་སྒྲོལ༌ཞིང༌། །མུ་གེའི་དུས་སུ་གསོན་པོར་འཇོག་པ༌ཡིན།། 20 བདག་ཅག་སེམས་ཀྱིས་ཡ་ཝཱེར་སྒུག་པ༌ཡིན། །ཁོང་ནི་ང་ཚོའི་སྐྱབས་དང་ཕུབ་ཡིན༌ནོ།། 21 ཁོང་གི་དམ་པའི་མཚན་ལ་བློ་གཏོད༌པས། །རང་ཅག་སྙིང་ནི་ཁོང་ལ་བརྟེན་ནས༌མགུ། 22 ཀྱེ་ཀྱེ་ཡ་ཝཱེ་ངེད་ཅག་རེ་ལྟོས༌བཞིན། །ཉིད་ཀྱི་བྱམས་བརྩེ་ང་ཚོར་གནང་བར༌ཤོག།