42
སྡེ་ཚན་གཉིས་པ།
ཡུལ་འཁྱར་པའི་གསོལ་འདེབས་དང་པོ།
1 ༼དབུ་མཛད་ལ་སྤྲད་པའི་ཀོ་རཱག་གི་བུ་རྣམས་ཀྱི་བསླབ་བྱའི་མགུར༌མ།༽ ཆུ་ཕྲན་ལ་ནི་ཤྭ་བ་གདུང་བ༌ལྟར། །དཀོན་མཆོག་ཁྱེད་ལ་ངའི་སེམས་རབ་ཏུ༌གདུང༌།། 2 ང་ཡི་སེམས་ཀྱིས་དཀོན་མཆོག་ཁོང་ཉིད༌དེ། །གཏན་དུ་གསོན་པོར་བཞུགས་པའི་དཀོན་མཆོག་དྲན། །དཀོན་མཆོག་དྲུང་དུ་ང་རང་ནམ་ཞིག༌བསླེབ།། 3 ཁྱོད་ཀྱི་དཀོན་མཆོག་གང་དུ་ཡོད་ཅེས༌ཏེ། །མི་ཡིས་ཉིན་གང་བདག་ལ་ཟེར་བས༌ན། །ཉིན་མཚན་གཉིས་པོར་མཆི་མ་ཟས་སུ༌གྱུར།། 4 སྔོན་ཆད་ནམ་རྒྱུན་མི་ཚོགས་དང་མཉམ༌དུ། །དགའ་སྤྲོའི་ཀི་སྒྲ་དང་ནི་བསྟོད་དབྱངས༌བཅས། །དེ་རྣམས་ཁྲིད་ནས་དཀོན་མཆོག་བཞུགས་གནས༌སུ། །དུས་ཆེན་གཏོང་བར་ཕྱིན་ཚུལ་དྲན་པ༌ལ། །བདག་གི་སེམས་ནི་རབ་ཏུ་སྐྱོ་བར༌གྱུར།། 5 ང་ཡི་སེམས་ནི་ཅི་ལ་ཕམ་པ༌ཡིན། །བདག་གི་སྙིང་ཁོང་འཁྲུགས་དོན་ཅི་ཡིན༌ནམ། །ང་ཡི་མགོན་སྐྱབས་ང་ཡི་དཀོན་མཆོག༌ལ། །བདག་གིས་ད་དུང་བསྟོད་བསྔགས་བརྗོད་པས༌ན། །ཁྱོད་ཀྱིས་ཁོང་ལ་རེ་ལྟོས་བཅང་འོས༌སོ།། 6 ཀྱེ་ཀྱེ་ང་ཡི་དཀོན་མཆོག་ངའི་སེམས༌ནི། །ང་ཡི་ནང་ནས་རབ་ཏུ་ཕམ་པས༌ན། །ཡོར་དན་ཡུལ་དང་ཧེར་མོན་རི་བོ༌དང༌། །རྨི་ཙར་རི་བོ་བཅས་ནས་ཁྱེད་དྲན༌ནོ།། 7 ཁྱེད་ཀྱི་རྦབ་ཆུས་སྐད་སྒྲ་བསྒྲགས་པ༌ན། །གཏིང་ཟབ་རྒྱ་མཚོ་གཅིག་གིས་གཅིག་ལ༌གླེང༌། །ཁྱེད་ཀྱི་རྦ་ཀློང་རྦ་རླབས་དྲག་པོ༌ཡིས། །ང་རང་ཀུན་ནས་གཡོགས་ཏེ་ཁྱེར་པ༌འོ།། 8 ཉིན་མོར་ཡ་ཝཱེས་བདག་ལ་བྱམས་བརྩེ༌གནང༌། །མཚན་མོར་ང་ཡིས་ཁོང་ལ་བསྟོད་དབྱངས༌འབུལ། །ཚེ་སྲོག་སྩོལ་བའི་དཀོན་མཆོག་ཁོང་ལ༌གསོལ།། 9 ང་ཡི་བྲག་རི་ལགས་པའི་དཀོན་མཆོག༌ལ། །ཁྱེད་ཀྱིས་ང་རང་བརྗེད་དོན་ཅི་ཡིན༌ནམ། །དགྲ་བོའི་གཉའ་གནོན་དབང་གིས་ང་རང༌ནི། །མྱ་ངན་ནང་དུ་འགྲུལ་བ་ཅི་ཞེས༌ཞུ།། 10 དགྲ་བོས་ཉིན་གང་བདག་ལ་སྨད་ནས༌ནི། །ཁྱོད་ཀྱི་དཀོན་མཆོག་གང་དུ་བཞུགས་ཟེར༌དུས། །ང་ཡི་རུས་པ་རལ་གྲིས་གཏོར་བ༌འདྲ།། 11 ང་ཡི་སེམས་ནི་ཅི་ལ་ཕམ་པ༌ཡིན། །བདག་གི་སྙིང་ཁོང་འཁྲུགས་དོན་ཅི་ཡིན༌ནམ། །ང་ཡི་མགོན་སྐྱབས་ང་ཡི་དཀོན་མཆོག༌ལ། །བདག་གིས་ད་དུང་བསྟོད་བསྔགས་བརྗོད་པས༌ན། །ཁྱོད་ཀྱིས་ཁོང་ལ་རེ་ལྟོས་བཅང་འོས༌སོ།།