གསུང་མགུར་ང་གཅིག༌པ།
སྡིག་བསལ་གནང་བར་ཞུ་བ།
༼དཱ་བིད་པད་ཤེ་བཱ་དང་འགྲོགས་པའི་རྗེས༌སུ། ལུང་སྟོན་པ་ནཱ་ཐན་ཁོང་གི་དྲུང་དུ་འོངས་པའི་ཚེ་ཁོང་གིས་མགུར་འདི་བརྩམས་ནས་དབུ་མཛད་ལ་སྤྲད༌པ།༽ ཀྱེ་ཀྱེ་དཀོན་མཆོག་ཁྱེད་ཀྱི་བྱམས་བརྩེ༌བཞིན། །བདག་ལ་སྙིང་རྗེས་གཟིགས་པར་མཛད་དུ༌གསོལ། །ཁྱེད་ཀྱི་ཐུགས་རྗེ་ཆེན་པོ་ལ་བརྟེན༌ནས། །བདག་གི་ཉེས་སྐྱོན་མཐའ་དག་སེལ་བར༌མཛོད།། བདག་གི་ཉེས་སྐྱོན་ཡོངས་སུ་འདག་པར༌མཛོད། །བདག་གི་སྡིག་པ་ཡོངས་སུ་སེལ་རོགས༌གནོངས།། དེ་ནི་རང་སྐྱོན་རང་གིས་ཤེས་པ༌དང༌། །རང་གི་སྡིག་པ་ནམ་རྒྱུན་མཐོང་ཕྱིར༌རོ།། བདག་གིས་ཁྱེད་ཉིད་གཅིག་པུར་འགལ་བ་ཡི། །སྡིག་པ་བྱས་ཤིང་ཁྱེད་ཀྱི་སྤྱན་དྲུང་དུ། །ངན་པར་གཟིགས་པའི་སྤྱོད་ངན་འདི་སྤྱད་པས། །ཁྱེད་ཀྱིས་བཀའ་བཀྱོན་གནང་དུས་དྲང་བདེན༌མངོན། །ཉེས་ཆད་གཅོད་དུས་གསལ་ཞིང་ཡང་དག༌གོ། གཟིགས་དང་ང་རང་སྡིག་པའི་ནང་དུ༌སྐྱེས། །མ་ཡི་མངལ་དུ་ཆགས་དུས་སྡིག་པ༌ཡོད།། གཟིགས་དང་ཁྱེད་ནི་སེམས་རྒྱུད་དྲང་པོར༌དགྱེས། །ཁྱེད་ཀྱིས་བདག་གི་ཕུགས་སུ་ཤེས་རབ༌བསྩལ།། ཨི་སོབ་རྩྭ་ཡིས་ང་རང་གཙང་བར་མཛོད། །དེ་ནས་ང་རང་གཙང་མར་འགྱུར་འོང༌ངོ༌། །ཁྱེད་ཀྱིས་ང་རང་གཙང་མར་འཁྲུ་བར༌མཛོད། །བདག་ནི་ཁ་བ་ལས་ཀྱང་དཀར་པོར༌འགྱུར།། དགའ་མགུ་རངས་པའི་སྐད་སྒྲ་ཐོས་སུ༌གསོལ། །ཁྱེད་ཀྱིས་བཅག་པའི་རུས་པ་སྤྲོ་བར༌མཛོད།། ཁྱེད་ཀྱིས་བདག་གི་ཉེས་པར་མི་གཟིགས༌པར། །ང་ཡི་སྡིག་ཉེས་ཐམས་ཅད་འདག་པར༌མཛོད།། 10 ཀྱེ་ཀྱེ་དཀོན་མཆོག་ཁྱེད་ཀྱིས་ང་རང༌ལ། །ཡིད་སེམས་གཙང་མ་ངེས་པར་མཛད་དུ༌གསོལ། །སླར་ཡང་ཡིད་སེམས་བརྟན་པོར་གནང་བར༌མཛོད།། 11 ཁྱེད་ཀྱི་དྲུང་ནས་ང་རང་མི་སྐྲོད་ཅིང༌། །དམ་པའི་ཐུགས་ཉིད་ང་ནས་མི་ལེན༌རོགས།། 12 ཁྱེད་ཀྱིས་བདག་ལ་ཐར་པའི་དགའ་སྤྲོ༌དང༌། །དགའ་བའི་སེམས་ཉིད་སླར་ཡང་གནང་སྟེ༌སྐྱོངས།། 13 བདག་གིས་ཁྱེད་ཀྱི་བཀའ་ཁྲིམས་རྣམས་ལ༌ནི། །བརྟེན་ནས་ཉེས་ཅན་རྣམས་ལ་བསླབ་བྱ༌སྟོན། །སྡིག་ཅན་དག་ནི་ཁྱེད་ཕྱོགས་འཁོར་དུ༌འཇུག། 14 ཀྱེ་ཀྱེ་དཀོན་མཆོག་ང་ཡི་སྐྱབས་མགོན༌ལགས། །མི་ཁྲག་བཞུར་བའི་སྡིག་ཉེས་ལས་སྐྱོབ༌རོགས། །དེ་ནས་ངའི་ལྕེས་སྐད་གསང་མཐོན་པོའི༌ངང༌། །ཁྱེད་ཀྱི་དྲང་བདེན་ལ་ནི་བསྟོད་བསྔགས༌བརྗོད།། 15 ང་ཡི་མཆུ་སྒྲོས་ཕྱེས་དང་ཀྱེ་གཙོ༌བོ། །བདག་གི་ཁ་ཡིས་ཁྱེད་ལ་བསྔགས་པར༌བྱ།། 16 གང་ལ་ཞེ་ན་མཆོད་པར་ཁྱེད་མི༌མཉེས། །མཉེས་པ་ཡིན་ན་བདག་གིས་འབུལ་བར༌བྱ། །སྦྱིན་སྲེག་ལ་ཡང་ཁྱེད་ཉིད་ཐུགས་མི༌དགྱེས།། 17 དཀོན་མཆོག་མཉེས་པའི་མཆོད་པ་སྡུག་པའི༌སེམས། །སྡུག་གིས་མནར་ཞིང་གནོང་འགྱོད་ཅན་གྱི༌སེམས། །དཀོན་མཆོག་ཁྱེད་ཀྱིས་བརྙས་པར་མི་མཛད༌དོ།། 18 ཐུགས་དགོངས་ཡག་པོས་ཛ་ཡན་དྲིན་གྱིས༌སྐྱོང༌། །ཡེ་རུ་སཱ་ལེམ་ལྕགས་རི་བརྩིག་པར༌མཛོད།། 19 དུས་དེར་དྲང་བདེན་མཆོད་པ་སྦྱིན་སྲེག༌དང༌། །སྦྱིན་སྲེག་མཆོད་པ་ཧྲིལ་པོར་ཁྱེད་ནི༌མཉེས། །གླང་ཐུག་རྣམས་ཀྱང་མཆོད་ཁྲིར་འབུལ་བར༌འགྱུར།།