གསུང་མགུར་རེ་ལྔ༌པ།
དཀོན་མཆོག་ཡ་ཝཱེའི་ཐུགས་རྗེ་ལ་བསྟོད་པ།
1 ༼དབུ་མཛད་ལ་སྤྲད་པའི་དཱ་བིད་ཀྱི་མགུར༌མ།༽ ཀྱེ་ཀྱེ་དཀོན་མཆོག་ཛ་ཡན་གྲོང་ཁྱེར༌དུ། །མི་རྣམས་ཁྱེད་ལ་བསྟོད་ཕྱིར་བསྒུགས་ནས༌ཡོད། །དམ་བཅའ་ཡང་ནི་ཁྱེད་ལ་བསྒྲུབ་པར༌འགྱུར།། 2 ཀྱེ་མ་གསོལ་འདེབས་གསན་པའི་གཙོ་བོ༌ལགས། །མི་བུ་ཐམས་ཅད་ཁྱེད་དྲུང་འོང་བར༌འགྱུར།། 3 སྡིག་ཉེས་ངེད་ལས་རྒྱལ་བར་གྱུར་ན༌ཡང༌། །ངེད་རྣམས་ཉེས་སྐྱོན་མ་ལུས་ཁྱེད་ཀྱིས༌བསལ།། 4 ཁྱེད་ཀྱིས་བདམས་ཤིང་ཉེ་བར་དྲངས་ནས༌ནི། །ཉིད་ཀྱི་སྒོ་རར་གནས་པར་མཛད་པ༌ཡི། །སྐྱེ་བོ་དེ་རྣམས་བྱིན་རླབས་ཆེ་བ༌ལ། །ཁྱེད་ཀྱི་བཞུགས་གནས་མཆོད་ཁང་དམ་པ༌ཡི། །གཡང་གིས་ངེད་རྣམས་འདོད་བློ་ཚིམ་གྱུར༌ཅིག། 5 ཀྱེ་ཀྱེ་ང་ཚོའི་མགོན་སྐྱབས་དཀོན་མཆོག༌ལགས། །ཁྱེད་ཀྱིས་ངོ་མཚར་ཆེ་བའི་མཛད་པ་དང༌། །དྲང་བདེན་ངང་ནས་ང་ཚོར་བཀའ་ལན༌གནང༌། །ཁྱེད་ནི་ས་མཐའ་ཀུན་དང་རྒྱ་མཚོ༌ཡི། །རྒྱང་རིང་གནས་པ་ཡོངས་ཀྱི་རྒྱབ་བརྟེན༌ཡིན།། 6 མཐུ་སྟོབས་ཆེན་པོའི་སྐ་རགས་བཅིངས་པ༌དང༌། །སྟོབས་ཀྱིས་རི་རྣམས་བརྟན་པོར་ཚུགས་པར༌མཛད།། 7 རྒྱ་མཚོའི་འུར་སྒྲ་རྦ་རླབས་དྲག་པོ༌དང༌། །མི་སྡེའི་ཀི་སྒྲ་བཅས་ནི་ཞི་བར༌མཛད།། 8 དེའི་ཕྱིར་ས་མཐར་གནས་པའི་མི་རྣམས༌ནི། །ཁྱེད་ཀྱི་གྲུབ་རྟགས་མཐོང་བས་གུས་ཤིང་འཇིགས། །ཤར་ནས་ནུབ་བར་མི་རྣམས་དགའ་བར༌མཛད།། 9 ཁྱེད་ཀྱིས་ས་ལ་གཟིགས་ཤིང་ཆར་ཆུ༌གནང༌། །ས་ལ་ས་བཅུད་ཤིན་ཏུ་འཛོམས་པར༌མཛད། །མི་ལ་འབྲུ་རིགས་སྟ་གོན་མཛད་པའི༌ཕྱིར། །དཀོན་མཆོག་ཉིད་ཀྱི་གཙང་པོར་ཆུ་ཡིས༌བཀང༌། །དེ་བཞིན་ཁོང་གིས་ས་གཞི་གྲ་སྒྲིག༌མཛད།། 10 ས་ཡི་ཤུར་མོ་རྣམས་ལ་ཆུ་བཏང༌ཞིང༌། །སྒལ་གཞུང་རྣམས་ཀྱང་བདེ་བར་བསྙམས་པ༌དང༌། །ཆར་ཟིམ་གནང་ནས་ས་ཞིང་སོབ་སོབ༌བྱས། །ས་ལས་རྡོལ་བ་རྣམས་ལ་བྱིན་གྱིས༌རླབས།། 11 ཁྱེད་ཀྱིས་ལོ་ཟླར་ཐུགས་རྗེའི་ཅོད་པན༌བསྐོན། །ཁྱེད་ཀྱི་ཕེབས་ལམ་རྣམས་སུ་སྣུམ་རྩི༌ཐིགས།། 12 འབྲོག་གི་རྩྭ་སར་སྣུམ་དེས་ཁྱབ་པ༌དང༌། །རི་སྒང་རྣམས་ཀྱིས་དགའ་སྤྲོའི་སྐ་རགས༌བཅིངས།། 13 ལུག་གི་ཁྱུ་ཡིས་རྩྭ་ཁ་ཁེབས་པ༌དང༌། །ལུང་པ་རྣམས་ནི་འབྲུ་ཡིས་ཁེངས་ནས༌ནི། །ཐམས་ཅད་དགའ་འབོད་བྱེད་ཅིང་གླུ་གཞས༌ལེན།།