གསུང་མགུར་དོན་བཞི༌པ།
རྒྱལ་ཁམས་སྐྱོབ་ཕྱིར་དཀོན་མཆོག་ཡ་ཝཱེར་ཞུ་བ།
༼ཨ་སབ་ཀྱི་བསླབ་བྱའི་མགུར༌མ།༽ ཀྱེ་ཀྱེ་དཀོན་མཆོག་ཁྱེད་ཀྱིས་དུས་གཏན༌དུ། །ངེད་རྣམས་སྤངས་པའི་རྒྱུ་མཚན་ཅི་ཡིན༌ནམ། །ཁྱེད་ཉིད་རང་གི་རྩྭ་རའི་ལུག་ཁྱུ༌ལ། །ཐུགས་ཁྲོ་དུ་བ་བཞིན་དུ་འཕྱུར་བ༌ཅི།། གནའ་དུས་ཁྱེད་ཀྱིས་ཉོས་པའི་མི་ཚོགས༌ཏེ། །ཁྱེད་ཀྱིས་བླུས་ཤིང་ནོར་སྐལ་ཡིན་པའི༌སྡེ། །ཉིད་ཀྱི་གདན་ས་ཛ་ཡན་རི་དྲན༌མཛོད།། ཡུན་རིང་ཞིག་རོར་ལུས་པའི་ཡུལ་རྣམས༌དང༌། །དགྲ་ཡིས་གནས་མཆོག་ནང་དུ་བྱས་པ༌ཡི། །གཏོར་བརླག་ཀུན་ལ་གཟིགས་ཕྱིར་ཕེབས་པར༌མཛོད།། ཁྱེད་ཀྱི་ཚོགས་དཀྱིལ་དགྲ་ཡིས་ཀུ་ཅོ༌བསྒྲགས། །དེ་ཚོས་རང་གི་དར་ཆ་རྟགས་སུ༌བསླངས།། དེ་དག་ནགས་ཚལ་སྟུག་པོའི་ཤིང་སྡོང༌རྣམས། །སྟ་རེ་འཕྱར་ནས་གཅོད་པའི་མི་དང༌མཚུངས།། ད་ནི་གནས་མཆོག་ནང་གི་བརྐོས་རིས༌རྣམས། །དེ་ཚོས་སྟ་རེ་ཐོ་བས་རྡུལ་དུ༌བརླགས།། ཁྱེད་ཀྱི་གནས་མཆོག་ཉིད་ནི་མེ་རུ༌བསྲེགས། །ཁྱེད་མཚན་གདན་སར་དམོད་ཅིང་ཁྱོན་ནས༌བརླགས།། དེ་ཚོའི་སེམས་སུ་ང་ཚོས་བཙན་གནོན༌བྱ། །ཞེས་སུ་སྙམ་ཞིང་ཡུལ་ཕྱོགས་ཐམས་ཅད༌དུ། །དཀོན་མཆོག་ཆོས་ཁང་ཡོད་ཚད་རྩད་ནས༌བསྲེགས།། ང་ཚོས་ངོ་མཚར་རྟགས་རྣམས་མི་མཐོང༌ཞིང༌། །ལུང་སྟོན་མེད་ལ་འདི་བཞིན་ནམ་དུས༌བར། །ལུས་འོང་ཤེས་མཁན་རང་ཅག་ཁྲོད་དུ་མེད།། 10 དགྲ་བོས་ནམ་བར་སྨད་འོང་ཀྱེ་དཀོན༌མཆོག །དགྲ་ཡིས་རྟག་ཏུ་ཁྱེད་མཚན་སྨད་འགྱུར༌རམ།། 11 ཁྱེད་ཀྱིས་ཕྱག་གཡས་བསྐུམས་པ་ཅི་ཡིན༌ནམ། །ཕྱག་གཡས་བཏོན་ནས་ཁོ་རྣམས་ཚར་ཆོད༌ཅིག། 12 ས་གཞིའི་སྟེང་དུ་ཐར་ལམ་གནང་བ༌ཡི། །དཀོན་མཆོག་གནའ་ནས་བདག་གི་རྒྱལ་པོ༌ཡིན།། 13 ཁྱེད་ཀྱི་སྟོབས་ཀྱིས་རྒྱ་མཚོ་ཁག་གཉིས༌བཤགས། །ཆུ་ནང་སྲིན་པོའི་མགོ་བོ་གཅོག་པར༌མཛད།། 14 ཁྱེད་ཀྱིས་ཆུ་སྲིན་*འདིར་ཆུ་སྲིན་ཞེས་པར་མ་ཕྱི་ལས་ལེ་ཝི་ཡ་ཐན་ཞེས་བཀོད༌ཡོད།རྣམས་ཀྱི་མགོ་བོ༌གཏུབས། །དབེན་སྟོང་གནས་པའི་མི་ལ་ཟས་སུ༌གནང༌།། 15 ཁྱེད་ཀྱིས་ཆུ་མིག་ཆུ་ཕྲན་ཕྱེས་པ༌དང༌། །བཞུར་རྒྱུན་གཙང་པོ་རྣམས་ནི་བསྐམས་པར༌མཛད།། 16 ཉིན་དང་མཚན་མོ་གཉིས་ཀ་ཁྱེད་ཀྱི༌ཡིན། །འོད་དང་ཉི་མ་ཁྱེད་ཀྱིས་བཤམས་པ༌འོ།། 17 ས་གཞིའི་མཐའ་མཚམས་ཐམས་ཅད་ཁྱེད་ཀྱིས༌མཛད། །དབྱར་དགུན་གཉིས་ཀ་ཁྱེད་ཀྱིས་མཛད་པ༌ཡིན།། 18 ཀྱེ་ཀྱེ་ཡ་ཝཱེ་དགྲ་ཡི་འཕྱ་སྨོད༌དང༌། །གླེན་པས་ཁྱེད་མཚན་སྐུར་བཏབ་དྲན་པར༌མཛོད།། 19 ཁྱེད་ཀྱི་ཕུག་རོན་གཅན་གཟན་ལ་མ༌སྤྲོད། །གཏན་དུ་ཁྱེད་ཀྱི་དབུལ་པོའི་སྲོག་མ༌བརྗེད།། 20 ས་སྟེང་མུན་ཁམས་གདུག་རྩུབ་གནས་ཀྱིས༌ཁེངས། །དེའི་ཕྱིར་ཞལ་ཆད་ཐུགས་སུ་འཛིན་པར༌འཚལ།། 21 བཙན་གནོན་ཐེབས་པ་སྐྱེངས་ནས་ཕྱིར་མ༌མངག །ནོར་མེད་དབུལ་པོས་ཁྱེད་མཚན་བསྟོད་པར༌ཤོག། 22 ཀྱེ་ཀྱེ་དཀོན་མཆོག་ཁྱེད་ཉིད་ཡར་བཞེངས༌ནས། །རང་གི་ཆེད་དུ་དག་འབུད་མཛད་པར༌ཞུ། །གླེན་པས་ཉིན་གང་སྨད་པ་དྲན་དུ༌གསོལ།། 23 ཁྱེད་ཀྱི་སྡང་དགྲའི་སྐད་ཅོར་ཚ་པོ༌དང༌། །དགྲ་བོའི་ཆད་མེད་འུར་སྒྲ་དྲན་པར༌མཛོད།།

*གསུང་མགུར་དོན་བཞི༌པ།:14 འདིར་ཆུ་སྲིན་ཞེས་པར་མ་ཕྱི་ལས་ལེ་ཝི་ཡ་ཐན་ཞེས་བཀོད༌ཡོད།