གསུང་མགུར་དོན་དགུ༌པ།
རྒྱལ་ཁམས་སྐྱོབ་ཕྱིར་དཀོན་མཆོག་ཡ་ཝཱེར་ཞུ་བ།
༼ཨ་སབ་ཀྱི་མགུར༌མ།༽ ཀྱེ་ཀྱེ་དཀོན་མཆོག་ཕྱི་ཕྱོགས་མི་རྣམས༌ནི། །ཁྱེད་ཀྱི་ཡུལ་དུ་བཙན་འཛུལ་བྱས་པ༌དང༌། །ཉིད་ཀྱི་མཆོད་ཁང་དམ་པ་བཙོག་པར༌བྱས། །ཡེ་རུ་སཱ་ལེམ་ཞིག་རོར་བཏང་བ༌ཡིན།། ཁྱེད་ཀྱི་ཞབས་ཕྱི་རྣམས་ཀྱི་བེམ་པོ་ནི། །ནམ་མཁའི་བྱ་ཡི་ཟས་སུ་གཏད་པ༌དང༌། །ཁྱེད་ལ་དད་གུས་ལྡན་པ་རྣམས་ཀྱི༌ཤ །ཐང་གི་གཅན་གཟན་རྣམས་ལ་བཏང་བ༌འོ།། ཡེ་རུ་སཱ་ལེམ་ཡུལ་གྱི་ཕྱོགས་བཞི༌རུ། །དེ་ཚོའི་ཁྲག་ནི་ཆུ་ལྟར་ཕོས་པ༌དང༌། །བེམ་པོ་སྐུང་མཁན་སུ་ཡང་མེད་པར༌ལུས།། ངེད་རྣམས་ཁྱིམ་མཚེས་དག་གི་སྨད་ར༌དང༌། །མི་རྣམས་འཕྱ་དམོད་ཁྲེལ་དགོད་བྱེད་སར༌གྱུར།། ཀྱེ་ཀྱེ་ཡ་ཝཱེ་འདི་བཞིན་ག་དུས༌བར། །ཁྱེད་ཉིད་ཇི་སྲིད་བར་དུ་ཐུགས༌ཁྲོ་འམ། །ཁྱེད་ཀྱི་ཕྲག་དོག་མེ་ལྟར་འབར་ཡོང༌ངམ།། ཁྱེད་ལ་རྒྱུས་མེད་ཡིན་པའི་ཕྱི་ཕྱོགས༌དང༌། །ཁྱེད་ཀྱི་མཚན་ལ་ཞུ་བ་མི་འབུལ༌བའི། །རྒྱལ་ཁམས་རྣམས་ལ་ཁྱེད་ཉིད་ཁྲོ་བར༌མཛོད།། རྒྱུ་མཚན་དེ་ཚོས་ཡ་ཀོབ་ཁྱུར་མིད༌བཏང༌། །དེ་ཡི་ཁྱིམ་གཞིས་རྩད་ནས་བརླགས་པས༌སོ།། ངེད་ཅག་ཕ་མེས་སྡིག་ཉེས་མི་དྲན༌རོགས། །ངེད་རྣམས་འུ་ཐུག་གནས་སུ་ལྷུང་བས༌ན། །ཁྱེད་ཀྱིས་མགྱོགས་པོར་སྙིང་རྗེས་གཟིགས་པར༌མཛོད།། ཀྱེ་ཀྱེ་ང་ཚོའི་སྲོག་སྐྱོབ་དཀོན་མཆོག༌ལགས། །ཁྱེད་མཚན་དཔལ་གྱི་ཕྱིར་དུ་སྐྱབས་མཛོད༌ཅིག །ཉིད་ཀྱི་མཚན་ཕྱིར་ངེད་རྣམས་ཐར་བར༌མཛོད། །ང་ཚོའི་སྡིག་པ་རྣམས་ཀྱང་བསལ་དུ༌གསོལ།། 10 ཁོ་ཚོའི་དཀོན་མཆོག་གང་དུ་བཞུགས་ཡོད༌ཅེས། །ཕྱི་ཕྱོགས་མི་ལ་ཟེར་དུ་འཇུག་དོན༌ཅི། །ཁྱེད་ཀྱི་ཞབས་ཕྱི་རྣམས་ཀྱི་ཁྲག་ཕོས༌པའི། །ཤ་འཁོན་ཁྱེད་ཀྱིས་ལེན་པ་མི་རྣམས༌ལ། །ང་ཚོའི་མིག་མདུན་ཤེས་སུ་འཇུག་ཏུ༌གསོལ།། 11 བཙོན་པའི་འཁུན་སྒྲ་ཁྱེད་དྲུང་བསླེབ་པར༌ཤོག །འཆི་ཁར་ཡོད་པ་ཁྱེད་ཀྱི་མཐུ་ཡིས༌སྐྱོབས།། 12 ཀྱེ་ཀྱེ་གཙོ་བོ་ཁྱིམ་མཚེས་འཕྱ་སྨོད༌ཚིག །དེ་ཚོའི་སྟེང་ལ་ལྡབ་བདུན་འབབ་པར༌མཛོད།། 13 ངེད་རྣམས་ཁྱེད་ཀྱི་མི་དང་རྩྭ་རའི༌ལུག །ཇི་སྲིད་བར་དུ་ཁྱེད་ལ་གཏང་རག༌འབུལ། །ཁྱེད་ཀྱི་བསྟོད་པ་མི་རབས་ཀུན་ལ༌སྟོན།།