གསུང་མགུར་གོ་གཉིས༌པ།
དཀོན་མཆོག་གི་དྲང་གཞག་དང་བྱམས་བརྩེ་ལ་བསྟོད་པ།
༼ངལ་གསོ་བའི་ཉིན་མོའི་གསུང༌མགུར།༽ ཡ་ཝཱེར་གཏང་རག་འབུལ་བ༌དང༌། །བླ་ན་མེད་པའི་ཁྱེད་མཚན༌ལ། །བསྟོད་དབྱངས་འབུལ་བ་ཤིན་ཏུ༌ལེགས།། 2-3 རྒྱུད་བཅུའི་རོལ་ཆས་རྒྱུད་མངས༌དང༌། །པི་ཝང་བཅས་ཀྱི་དབྱངས་རྟ༌ཡིས། །ཞོགས་པར་ཁྱེད་ཀྱི་བྱམས་བརྩེ༌དང༌། །མཚན་མོར་ཉིད་ཀྱི་ཐུགས་དྲང༌པོར། །བསྟོད་པར་བྱེད་པ་འོས་སོ༌ལོ།། ཡ་ཝཱེས་ཉིད་ཀྱི་འཕྲིན་ལས༌ཀྱིས། །ང་རང་དགའ་བར་བཅུག་པས༌ན། །ཁྱེད་ཀྱི་ཕྱག་གི་མཛད་པའི༌རྐྱེན། །ང་ཡིས་དགའ་འབོད་བྱེད་པར༌བྱ།། ཀྱེ་ཀྱེ་ཡ་ཝཱེ་ཁྱེད་ཉིད༌ཀྱི། །འཕྲིན་ལས་ཇི་ལྟར་རླབས་ཆེ༌ཞིང༌། །ཁྱེད་ཀྱི་དགོངས་པ་རབ་ཏུ༌ཟབ།། དུད་འགྲོ་ལྟ་བུས་མི་རྟོགས༌ཤིང༌། །གླེན་པ་རྣམས་ཀྱིས་གོ་བ༌མིན།། མི་ངན་རྩྭ་སྔོན་བཞིན་དུ༌སྐྱེ། །སྡིག་སྤྱོད་ཐམས་ཅད་དར་ན༌ཡང༌། །ཁོ་ཚོ་གཏན་དུ་རྒུད་པར༌འགྱུར།། ཡ་ཝཱེ་ཁྱེད་རང་གཅིག་པུ་ནི། །རྟག་ཏུ་བླ་ན་མཐོ་བ༌ཡིན།། ཀྱེ་ཀྱེ་ཡ་ཝཱེ་ཁྱེད་ཉིད༌ཀྱི། །དགྲ་བོ་ཐམས་ཅད་རྩ་མེད༌འགྲོ། །སྡིག་སྤྱོད་ཅན་ཀུན་གཏོར་བར༌འགྱུར།། 10 འོན་ཀྱང་ང་ཡི་རྭ་དུང༌ནི། །གླང་རྒོད་རྭ་བཞིན་ཁྱེད་ཀྱིས༌བཏེགས། །གསར་ཐོན་སྣུམ་གྱིས་ང་རང༌བྱུགས།། 11 ང་ཡི་མིག་གིས་དགྲ་རྣམས༌ལ། །ངན་ལན་ཕོག་པ་མཐོང་བ༌དང༌། །ང་ལ་རྒོལ་བའི་མི་ངན༌ལ། །ཉེས་ཆད་ཕོག་པ་རྣ་ལམ༌ཐོས།། 12 གཞུང་དྲང་ཏ་ལའི་ཤིང་ལྟར༌རྒྱས། །ལེ་པཱ་ནོན་གྱི་ཐང་ཤིང༌བཞིན། །དེ་རྣམས་སྐྱེ་བར་འགྱུར་བ༌འོ།། 13 ཡ་ཝཱེའི་བཞུགས་གནས་སུ་བཙུགས༌ཤིང༌། །རང་ཅག་རྣམས་ཀྱི་དཀོན་མཆོག༌གི །ཁྱམས་རའི་ནང་དུ་དར་ཞིང༌རྒྱས།། 14 རྒས་པའི་དུས་ཀྱང་འབྲས་བུ༌བསྐྱེད། །རྩི་བཅུད་ལྡན་ཞིང་སྔོ་ལྗང༌ལྗང༌།། 15 དེ་ནི་ཡ་ཝཱེ་ཐུགས་དྲང༌ཞིང༌། །ཁོང་ངའི་བྲག་རི་ཡིན་པ༌དང༌། །ཁོང་གི་ནང་དུ་མ་རུངས་པ། །གང་ཡང་མེད་པ་སྒྲོག་ཕྱིར༌རོ།།