གསུང་མགུར་གོ་བཞི༌པ།
དཀོན་མཆོག་གིས་མི་ཐམས་ཅད་ལ་ཁྲིམས་ཐག་གཅོད་པ།
དགྲ་ཤ་ལེན་པའི་དཀོན་མཆོག་ཀྱེ་ཡ༌ཝཱེ། །དགྲ་ཤ་ལེན་པའི་དཀོན་མཆོག་འོད་སྣང༌མཛོད།། ས་གཞིའི་ཁྲིམས་དཔོན་ཁྱེད་ཉིད་ཡར་བཞེང་མཛོད། །ང་རྒྱལ་ཅན་ཚོར་དགྲ་ལན་འོས་པ༌མཛོད།། ཀྱེ་ཀྱེ་ཡ་ཝཱེ་ནམ་དུས་བར་དུ༌ནི། །མི་ངན་རྣམས་ཀྱིས་རྒྱལ་ཁ་ངོམ་བྱེད༌དམ།། དེ་ཚོའི་ཁ་ནས་ང་རྒྱལ་གཏམ་རྡོལ༌ཞིང༌། །སྡིག་སྤྱོད་ཚང་མས་རང་མཐོང་སྐྱེད་བྱེད༌དོ།། ཀྱེ་ཀྱེ་ཡ་ཝཱེ་ཁྱེད་ཀྱི་འབངས་མི༌ལ། །དེ་ཚོས་གཉའ་གནོན་བྱེད་ཅིང་ཁྱེད་ཉིད༌ཀྱི། །ནོར་སྐལ་ཡིན་པ་རྣམས་ལ་གནོད་འཚེ༌སྐྱེལ།། དེ་ཚོས་ཡུགས་མོ་དང་ནི་བྱེས་པ༌གསོད། །ཕ་མེད་དྭ་ཕྲུག་རྣམས་ཀྱི་སྲོག་ཀྱང༌གཅོད།། དེ་ཚོས་ཡ་ཝཱེས་མི་གཟིགས་ཡ་ཀོབ༌ཀྱི། །དཀོན་མཆོག་ཐུགས་སྣང་མི་མཛད་ཅེས༌སྨྲ་འོ།། མི་སྡེའི་ནང་གི་གླེན་ཤོས་མནོ༌བསམ་ཐོངས། །བླུན་པོ་ཁྱོད་རྣམས་མཁས་པར་ནམ་འགྱུར༌རམ།། རྣ་བ་མཛད་མཁན་ཁོང་གིས་མི་གསན༌ནམ། །མིག་གི་བྱེད་པོས་གཟིགས་པར་མི་འགྱུར༌རམ།། 10 མི་རིགས་ཀུན་ལ་འཇུན་མཁན་ཁོང་ཉིད༌ཀྱིས། །ཉེས་ཆད་གཅོད་པར་འགྱུར་བ་མ་ཡིན༌ནམ། །ཁོང་ཉིད་མི་ལ་རིག་པ་སློབ་མཁན༌ཡིན།། 11 ཡ་ཝཱེས་མི་ཡི་བསམ་ཚུལ་ཐམས་ཅད༌ནི། །སྟོང་པ་ཡིན་པ་མངོན་པར་མཁྱེན་པ༌ལགས།། 12 ཀྱེ་ཀྱེ་ཡ་ཝཱེ་ཁྱེད་ཀྱིས་འཇུན་བྱེད༌ཅིང༌། །བཀའ་ཁྲིམས་བསླབ་པའི་མི་དེ་བདེ་བ༌འོ།། 13 མི་ངན་ཕྱིར་དུ་དོང་བྲུས་ཚར་བའི༌བར། །དཀའ་སྡུག་ཉིན་མོར་ཁོ་རང་བདེ་བར༌བཀོད།། 14 ཡ་ཝཱེས་ཉིད་ཀྱི་འབངས་མི་སྤང་མི༌བྱ། །ཁོང་གི་ནོར་སྐལ་ནམ་ཡང་འདོར་མི༌འགྱུར།། 15 ཁྲིམས་གཅོད་དྲང་བདེན་ཕྱོགས་སུ་འཁོར་བ༌དང༌། །སེམས་རྒྱུད་དྲང་པོ་ཐམས་ཅད་དེའི་རྗེས༌འབྲང༌།། 16 སུ་ཞིག་ངའི་ཕྱིར་ལངས་ནས་མི་ངན༌རྒོལ། །སུ་ཞིག་ངའི་ཕྱིར་འགྲེང་ནས་སྡིག་སྤྱོད༌འགོག། 17 ཡ་ཝཱེས་ང་ལ་རོགས་རམ་མ་མཛད༌དུས། །སྔར་ནས་གྲགས་འགུལ་མེད་པའི་གནས་སུ༌ལུས།། 18 ང་རང་རྐང་འདྲེད་ཤོར་སོང་ཞུས་པའི༌ཚེ། །ཡ་ཝཱེ་ཁྱེད་ཀྱི་བྱམས་བརྩེས་ང་རང༌སྐྱོར།། 19 ང་ཡི་སེམས་ལ་སེམས་ཁྲལ་གང་དུས༌སུ། །ཁྱེད་ཀྱི་སེམས་གསོས་བདག་ལ་དགའ་སྤྲོ༌བསྩལ།། 20 རྒྱལ་ཁྲིམས་ཐབས་ཀྱིས་ཇུས་ངན་རྩོམ་མཁན༌གྱི། །ངན་པའི་ཁྲི་དང་ཁྱེད་ལ་འབྲེལ་བ༌ཅི།། 21 གཞུང་དྲང་སྲོག་ལེན་ཕྱིར་དུ་དེ་རྣམས༌འདུ། །ཉེས་མེད་རྣམས་ལ་སྲོག་ཆད་གཅོད་བྱེད༌དོ།། 22 འོན་ཀྱང་ཡ་ཝཱེ་ང་ཡི་བཙན་རྫོང༌ཡིན། །ང་ཡི་དཀོན་མཆོག་སྐྱབས་གནས་བྲག་རི༌ཡིན།། 23 དེ་ཚོའི་སྡིག་ཉེས་རང་རང་མགོ་ལ༌འབབ། །སྡིག་སྤྱོད་ཕྱིར་དུ་དེ་རྣམས་རྩ་མེད༌གཏོང༌། །རང་ཅག་དཀོན་མཆོག་ཡ་ཝཱེས་དེ་རྣམས༌འཇོམས།།