གསུང་མགུར་གོ་དྲུག༌པ།
དཀོན་མཆོག་ནི་བླ་ན་མེད་པའི་རྒྱལ་པོ་ཡིན་པ།
1 ཀྱེ་ཀྱེ་ཁྱོད་ཚོས་ཡ་ཝཱེར་བསྟོད་དབྱངས་གསར་པ་ཕུལ། །ས་གཞི་ཡོངས་ཀྱིས་ཁོང་ལ་བསྟོད་དབྱངས་ཕུལ་ཞིག༌ཀྱེ།། 2 ཡ་ཝཱེར་བསྟོད་དབྱངས་ཕུལ་ནས་ཁོང་གི་མཚན་ལ༌བསྟོད། །ཉིན་ནས་ཉིན་དུ་ཁོང་གི་ཐར་པའི་འཕྲིན་བཟང༌སྒྲོགས།། 3 མི་རིགས་ཡོངས་ལ་ཁོང་གི་གཟི་བརྗིད་བསྒྲག་པར༌གྱིས། །མི་རྣམས་ཡོངས་ལ་ཁོང་གི་ངོ་མཚར་འཕྲིན་ལས༌སྒྲོགས།། 4 ཡ་ཝཱེ་ཆེན་པོ་ལས་ཀྱང་རབ་ཏུ་ཆེ་བའི༌ཕྱིར། །ཁོང་ལ་རྟག་ཏུ་བསྟོད་བསྔགས་ཆེན་པོ་བརྗོད་པར༌འོས། །ཁོང་ནི་ལྷ་ཚོགས་ལས་ཀྱང་བླ་ན་མཐོ་བས་ན། །མི་རིགས་ཐམས་ཅད་ཁོང་ལ་གུས་ཤིང་འཇིགས་འོས༌སོ།། 5 ཕྱི་ཕྱོགས་མི་ཡི་ལྷ་ནི་སྟོངས་ཤིང་སྟོང་པ་ཡིན། །ཡ་ཝཱེ་ཁོང་ཉིད་ཁོ་ནས་ནམ་མཁའ་དངོས་སུ༌བཀོད།། 6 ཁོང་གི་དྲུང་དུ་གཟི་དཔལ་དང་ནི་བརྗིད་ཉམས༌ཡོད། །ཁོང་གི་གནས་ཀྱི་མཆོག་ཏུ་མཐུ་དང་མཛེས་སྡུག༌ལྡན།། 7 ཀྱེ་ཀྱེ་མི་རིགས་ཀུན་གྱི་ཁྱིམ་རྒྱུད་ཐམས་ཅད༌ཀྱིས། །གཟི་བརྗིད་དང་ནི་མཐུ་སྟོབས་ཡ་ཝཱེར་འབུལ་བར༌ཤོག། 8 ཡ་ཝཱེའི་མཚན་ལ་འབྱོར་བའི་གཟི་བརྗིད་ཁོང་ལ༌ཕུལ། །མཆོད་རྫས་བཟུང་ནས་ཁོང་གི་ར་བར་སོང་ཞིག༌ཀྱེ།། 9 དམ་པའི་གཟི་རྔམ་དང་བཅས་ཁོང་ལ་བསྟོད་པར༌ཤོག །ས་གཞི་ཡོངས་ནི་ཁོང་གི་དྲུང་དུ་གཡོ་བར༌གྱིས།། 10 མི་རིགས་རྣམས་ཀྱི་ཁྲོད་དུ་འདི་ལྟར་སྨྲ་བར་གྱིས། །དཀོན་མཆོག་ཡ་ཝཱེ་ཁོང་གིས་རྒྱལ་སྲིད་སྐྱོང་བས་ན། །འཇིག་རྟེན་བརྟན་པོར་ཚུགས་ཤིང་དེ་ལ་གཡོ་བ༌མེད། །ཁོང་གིས་ཕྱོགས་རིས་མེད་པའི་ཁྲིམས་ཐག་གཅོད་ཅེས༌སོ།། 11 ནམ་མཁའ་དང་ནི་ས་གཞི་དགའ་ཞིང་སྤྲོ་བར༌ཤོག །རྒྱ་མཚོ་དང་ནི་དེའི་ནང་ཡོངས་སུ་ཁེངས་པ༌ཡིས། །ང་རོའི་སྐད་སྒྲ་སིང་སིང་བསྒྲག་པར་གྱུར་ཅིག༌གུ། 12 ས་ཞིང་དང་བཅས་ཐམས་ཅད་དགའ་ཞིང་སྤྲོ་བར༌ཤོག །ནགས་ཚལ་ཐམས་ཅད་ཁོང་གི་དྲུང་དུ་དགའ་འབོད༌བྱེད།། 13 དེ་ནི་ཁྲིམས་ཐག་གཅོད་པར་ཁོང་ཉིད་ཕེབས་པའི༌ཕྱིར། །འཇིག་རྟེན་ཡོངས་ལ་བདེན་པའི་དཔྱད་ཁྲ་གཏོང་བ༌དང༌། །མི་རྣམས་ཡོངས་ལ་ཁྲིམས་ཐག་ཡང་དག་གཅོད་པར༌འགྱུར།།