ལེའུ་དྲུག་པ།
ཐམ་གའི་སྐོར།
1 དེ་ནས་ལུ་གུས་ཐམ་ག་བདུན་པོ་ལས་གཅིག་གི་ཁ་འབྱེད་བཞིན་པ་བདག་གིས་མཐོང་བ་དང་། སེམས་ཅན་བཞི་པོ་ལས་སེམས་ཅན་གཅིག་གིས་འདི་སྐད་དུ། ཤོག་དང་ཞེས་གསུངས་པ་ཐོས་ཤིང་། ཁོང་གི་སྐད་ནི་འབྲུག་སྒྲ་དང་མཚུངས་སོ།། 2 དེ་ནས་བདག་གིས་ཕར་བལྟས་པ་ན། ལྟོས་དང་། རྟ་དཀར་པོ་ཞིག་མཐོང་ཞིང་། རྟ་ལ་ཞོན་མཁན་གྱིས་ལག་ཏུ་གཞུ་བཟུང་ཡོད་ལ། དེ་ལ་ཅོད་པན་ཡང་བསྩལ་ཡོད། དེ་ནི་རྒྱལ་ཞིང་རྣམ་པར་རྒྱལ་བའི་ཕྱིར་ཕྱི་རོལ་ཏུ་ཐོན་ནོ།།
3 དེ་ནས་ལུ་གུས་ཐམ་ག་གཉིས་པ་ཁ་འབྱེད་པའི་དུས་སུ། སེམས་ཅན་གཉིས་པས་འདི་སྐད་དུ། ཤོག་དང་ཞེས་གསུངས་པ་བདག་གིས་ཐོས་སོ༎ 4 དེ་ནས་རྟ་གཞན་ཞིག་ཕྱི་རོལ་ཏུ་ཐོན་པ་དང་། དེ་ནི་རྟ་རྐྱང་རྐྱང་ཞིག་ཡིན། རྟ་ལ་ཞོན་མཁན་དེར་ས་སྟེང་གི་ཞི་བདེ་ལེན་པར་བྱེད་པ་དང་། མི་རྣམས་ཕན་ཚུན་གསོད་རེས་བྱེད་དུ་འཇུག་པའི་དབང་ཤུགས་བསྩལ་ཡོད་ལ། རལ་གྲི་ཆེན་པོ་ཞིག་ཀྱང་གནང་ངོ་།།
5 དེ་ནས་ལུ་གུས་ཐམ་ག་གསུམ་པ་ཁ་འབྱེད་པའི་དུས་སུ། སེམས་ཅན་གསུམ་པས་འདི་སྐད་དུ། ཤོག་དང་ཞེས་གསུངས་པ་བདག་གིས་ཐོས་སོ༎ དེ་ནས་བདག་གིས་ཕར་བལྟས་པ་ན། ལྟོས་དང་། རྟ་ནག་པོ་ཞིག་མཐོང་ཞིང་། རྟ་ལ་ཞོན་མཁན་གྱིས་ལག་ཏུ་རྒྱ་སྲང་ཞིག་བཟུང་ཡོད། 6 སེམས་ཅན་བཞི་པོའི་ཁྲོད་ནས་སྐད་སྒྲ་ལྟ་བུ་ཞིག་གྲགས་ཏེ་འདི་སྐད་དུ། གྲོ་བྲེ་གང་གི་རིན་གོང་ནི་དངུལ་སྒོར་གཅིག་དང་། ནས་བྲེ་གསུམ་གྱི་རིན་གོང་ནི་དངུལ་སྒོར་གཅིག་ཡིན། སྣུམ་དང་རྒུན་ཆང་ནི་འཕྲོ་བརླག་ཏུ་གཏོང་མི་རུང་ཞེས་གསུངས་པ་བདག་གིས་ཐོས་སོ།།
7 དེ་ནས་ལུ་གུས་ཐམ་ག་བཞི་པ་ཁ་འབྱེད་པའི་དུས་སུ། སེམས་ཅན་བཞི་པས་འདི་སྐད་དུ། ཤོག་དང་ཞེས་གསུངས་པ་བདག་གིས་ཐོས་སོ༎ 8 དེ་ནས་བདག་གིས་ཕར་བལྟས་པ་ན། ལྟོས་དང་། རྟ་སྐྱ་བོ་ཞིག་མཐོང་ཞིང་། རྟ་ལ་ཞོན་མཁན་གྱི་མིང་ལ་འཆི་བ་ཟེར། གཤིན་པོའི་གནས་ཀྱང་དེའི་རྗེས་སུ་འབྲང་ཡོད། དེ་རྣམས་ལ་རལ་གྲི་དང་། མུ་གེ ནད་ཡམས། གཅན་གཟན་བཅས་བཀོལ་ནས། ས་སྟེང་གི་མི་རྣམས་ལས་བཞི་ཆའི་གཅིག་གསོད་པའི་དབང་ཤུགས་བསྩལ་ཡོད་དོ།།
9 དེ་ནས་ལུ་གུས་ཐམ་ག་ལྔ་པ་ཁ་འབྱེད་པའི་དུས་སུ། མཆོད་ཁྲིའི་འོག་ཏུ་དཀོན་མཆོག་གི་བཀའ་ཡི་ཆེད་དང་ཁོང་ལ་བདེན་དཔང་བྱེད་པའི་ཕྱིར་བཀྲོངས་པ་རྣམས་ཀྱི་རྣམ་ཤེས་བདག་གིས་མཐོང་ངོ་།། 10 དེ་དག་གིས་སྐད་ཆེན་པོས་འདི་ལྟར་སྨྲས་པ། ཀྱེ། དམ་པ་དང་བདེན་པ་ཡི་བདག་པོ་ལགས། ཁྱེད་ཀྱིས་ས་སྟེང་གི་མི་རྣམས་ལ་ཉེས་ཆད་མི་གཅོད་ཅིང་། ངེད་ཅག་གི་ཁྲག་བཞུར་བ་ལ་སྲོག་ལན་ཡང་མི་འཇལ་ལམ། ངེད་ཅག་གིས་དུས་ནམ་ཞིག་གི་བར་དུ་སྒུག་དགོས་སམ་ཞེས་ཞུས་སོ།། 11 དེ་ནས་དེ་དག་རེ་རེ་ལ་ལྭ་རིང་དཀར་པོ་རེ་གནང་ཞིང་། མཉམ་དུ་ཞབས་ཕྱི་པར་གྱུར་པ་དག་དང་ཁོ་རྣམས་ཀྱི་སྤུན་ཟླ་རྣམས་ཀྱང་ཁོ་རྣམས་བཞིན། སྐུ་བཀྲོངས་ཏེ་གྲངས་ཀ་ལོང་བའི་བར་དུ། ད་དུང་རེ་ཞིག་ལ་སྒུག་དགོས་པའི་བཀའ་གནང་ངོ་།།
12 དེ་ནས་ལུ་གུས་ཐམ་ག་དྲུག་པ་ཁ་འབྱེད་པའི་དུས་སུ། བདག་གིས་ཕར་བལྟས་པ་ན། ས་འགུལ་ཆེན་པོ་བྱུང་བ་དང༌། ཉི་མ་ནི་རྩིད་རས་བཞིན་ནག་པོར་གྱུར་པ། ཟླ་བ་ཡོངས་སུ་ཁྲག་ལྟར་དམར་པོར་གྱུར་པ། 13 ནམ་མཁའི་སྐར་ཚོགས་ས་ལ་ལྷུང་ཞིང་། དེ་ནི་དྲག་རླུང་གིས་བསེ་ཡབ་ཤིང་བསྒུལ་ནས་འབྲས་བུ་མ་སྨིན་པ་རྣམས་ས་ལ་ཐོར་བ་ལྟ་བུའོ།། 14 ནམ་མཁའ་ནི་ཤོག་དྲིལ་སྒྲིལ་བ་བཞིན་ཡལ་བ་དང་། རི་དང་གླིང་ཕྲན་ཐམས་ཅད་ཀྱང་གཡོ་བར་གྱུར་ཏེ་རང་ས་ནས་སྤར་བ་མཐོང་ངོ་།།
15 དེ་ནས་ས་སྟེང་གི་རྒྱལ་པོ་དང་། བློན་ཆེན་དང་། དམག་དཔོན་དང་། ཕྱུག་པོ་དང་། སྟོབས་ཅན་རྣམས་དང་། གཡོག་པོ་དང་རང་དབང་ཅན་ཐམས་ཅད་རི་ཕུག་དང་རིའི་བྲག་སྐྱིབས་སུ་སོང་ནས་སྦས་ཏེ། 16 རི་དང་བྲག་ལ་འདི་ལྟར་སྨྲས་པ། བཞུགས་ཁྲིའི་སྟེང་དུ་བཞུགས་མཁན་གྱི་ཞལ་རས་དང་ལུ་གུའི་ཐུགས་ཁྲོ་ལ་གཡོལ་བའི་ཕྱིར། ངེད་ཅག་གི་སྟེང་དུ་བསྙིལ་ནས་ངེད་རྣམས་སྦ་བར་མཛོད། 17 ཁོང་རྣམ་གཉིས་ཐུགས་ཁྲོ་བའི་ཉིན་དྲག་པོ་དེ་ནི་སླེབས་ཟིན་པས། སུ་ཞིག་ལངས་ནས་སྡོད་ཐུབ་བམ་ཞེས་པའོ།།