ལེའུ་བཅུ་དྲུག་པ།
དཀོན་མཆོག་གི་ཐུགས་ཁྲོ་ཆེན་པོ་བླུགས་པའི་ཕོར་བ་བདུན་གྱི་སྐོར།
1 དེ་ནས་བདག་གིས་མཆོད་ཁང་ནས་སྐད་ཆེན་པོ་ཞིག་གྲགས་ཡོང་བ་ཐོས་ཤིང་། སྐད་དེས་ཕོ་ཉ་བདུན་པོ་ལ་འདི་སྐད་དུ། ཁྱོད་རྣམས་ཕར་སོང་སྟེ་དཀོན་མཆོག་གི་ཐུགས་ཁྲོའི་ཕོར་བ་བདུན་པོ་ས་སྟེང་དུ་བླུགས་ཤིག་ཅེས་གསུངས་སོ།།
2 ཕོ་ཉ་དང་པོ་ཕར་སོང་ནས་རང་གི་ཕོར་བ་ས་སྟེང་དུ་བླུགས་ཏེ། གཅན་གཟན་གྱི་རྟགས་བརྒྱབ་ཡོད་པ་དང་གཅན་གཟན་གྱི་གཟུགས་བརྙན་ལ་ཕྱག་འཚལ་མཁན་རྣམས་ཀྱི་ལུས་སྟེང་དུ་སྐྱུག་བྲོ་ཞིང་དུག་གིས་ཁེངས་པའི་རྨ་ནད་བྱུང་ངོ་།།
3 ཕོ་ཉ་གཉིས་པས་རང་གི་ཕོར་བ་རྒྱ་མཚོ་ནང་དུ་བླུགས་ཏེ། རྒྱ་མཚོ་ནི་ཁྲག་ཏུ་གྱུར་པ་དང་། ཤི་བོའི་ཁྲག་ལྟར་གྱུར་ཏེ། རྒྱ་མཚོ་ནང་གི་སྲོག་ལྡན་ཐམས་ཅད་ཤི་བའོ།།
4 ཕོ་ཉ་གསུམ་པས་རང་གི་ཕོར་བ་གཙང་པོ་དང་ཆུ་མིག་གི་ནང་དུ་བླུགས་པ་དང་། ཆུ་ནི་ཁྲག་ཏུ་གྱུར་ཏོ།། 5 ཆུ་ལ་དབང་སྒྱུར་མཁན་གྱི་ཕོ་ཉས་འདི་སྐད་གསུངས་པ་བདག་གིས་ཐོས་ཏེ།
འདས་དང་ད་ལྟར་བཞུགས་པའི་དམ་པ་ཁྱེད།།
དེ་ལྟར་ཉེས་ཆད་བཅད་པས་དྲང་བདེན་ལགས།།
6 དེ་རྣམས་ཀྱིས་ནི་དད་ལྡན་དམ་པ་དང་།།
ལུང་སྟོན་པ་ཚོའི་སྐུ་ཁྲག་བཞུར་བྱས་པས།།
ད་ལྟ་ཁྱེད་ཀྱིས་སྐྱེ་བོ་དེ་རྣམས་ལ།།
ཁྲག་ལན་འཐུང་བར་མཛད་པ་འཐོབ་འོས་སོ།།
ཞེས་པའོ།། 7 ཡང་མཆོད་ཁྲི་ནས་སྒྲ་ཞིག་གྲགས་ཤིང་འདི་སྐད་གསུངས་པ་བདག་གིས་ཐོས་ཏེ།
ལགས་སོ་གཙོ་བོ་ཀུན་དབང་དཀོན་མཆོག་ལགས།།
ཁྱེད་ཀྱིས་ཉེས་ཆད་བཅད་པ་དྲང་བདེན་ལགས།།
ཞེས་པའོ།།
8 ཕོ་ཉ་བཞི་པས་རང་གི་ཕོར་བ་ཉི་མའི་སྟེང་དུ་བླུགས་ཏེ། ཉི་མར་མི་རྣམས་མེས་བསྲེག་པའི་དབང་གནང་ངོ་།། 9 མི་རྣམས་ཚ་བ་དྲག་པོས་བསྲེགས་པ་ན། དེ་རྣམས་ཀྱིས་ཆག་སྒོ་འདི་དག་ལ་དབང་སྒྱུར་མཁན་དཀོན་མཆོག་གི་མཚན་ལ་སྨད་པ་ལས། འགྱོད་བཤགས་བྱས་ནས་ཁོང་ལ་བསྟོད་བསྔགས་མ་བརྗོད་དོ།།
10 ཕོ་ཉ་ལྔ་པས་རང་གི་ཕོར་བ་གཅན་གཟན་གྱི་ཁྲིའི་སྟེང་དུ་བླུགས་ཏེ། གཅན་གཟན་གྱི་རྒྱལ་སྲིད་མུན་ནག་ཏུ་གྱུར་ཏོ།། མི་རྣམས་ཀྱིས་ཟུག་གཟེར་མ་བཟོད་པས་རང་གི་ལྕེ་བལྡད་པ་དང་། 11 ཡང་ཟུག་གཟེར་དང་རྨ་ནད་མ་བཟོད་པའི་རྐྱེན་གྱིས། ནམ་མཁའི་ཞིང་ཁམས་ཀྱི་དཀོན་མཆོག་ལ་སྐུར་བ་བཏབ་ཅིང་། རང་གིས་ཅི་བྱས་ལ་འགྱོད་བཤགས་མ་བྱས་སོ།།
12 ཕོ་ཉ་དྲུག་པས་རང་གི་ཕོར་བ་གཙང་པོ་ཆེན་པོ་ཕི་རཱད་ནང་དུ་བླུགས་ཏེ། ཤར་ཕྱོགས་ནས་ཡོང་བའི་རྒྱལ་པོ་རྣམས་ལ་བགྲོད་ལམ་སྟ་གོན་བྱེད་པའི་ཕྱིར་ཆུ་སྐམ་པར་གྱུར་ཏོ།། 13 ཡང་བདག་གིས་གདོན་མི་གཙང་བ་གསུམ་མཐོང་ཞིང་། དེ་ནི་སྦལ་བ་དང་འདྲ་ལ། འབྲུག་དང་གཅན་གཟན། ལུང་སྟོན་པ་རྫུས་མ་བཅས་ཀྱི་ཁ་ནས་ཐོན་ནོ།། 14 དེ་དག་ནི་མ་གཞི་གདོན་འདྲེ་དག་གི་སེམས་ཉིད་ཡིན་ཞིང་གྲུབ་རྟགས་སྟོན་པ་དང་། གནམ་འོག་གི་རྒྱལ་པོ་རྣམས་ཀྱི་གམ་དུ་འགྲོ་ཞིང་། དེ་རྣམས་ཀུན་དབང་དཀོན་མཆོག་གི་ཉིན་མོ་ཆེན་པོར་མཉམ་དུ་འདུས་ནས་འཐབ་འཁྲུག་ལ་ཞུགས་པར་བསྐུལ་བའི་ཕྱིར་རོ།།
15 ལྟོས་དང་། རྐུན་པོ་གློ་བུར་སླེབས་པ་ལྟར་ང་རང་ཡོང་བར་ངེས། དོགས་ཟོན་བྱེད་པ་དང་ལུས་ལ་གོས་གྱོན་པའི་མི་ནི་བདེའོ།། དེ་ལྟར་མ་བྱས་ན་ལུས་གཅེར་བུར་འགྲོ་ཞིང་། མི་རྣམས་ཀྱིས་ཁོའི་ངོ་ཚ་མཐོང་བར་འགྱུར་རོ།།
16 གདོན་འདྲེ་དེ་གསུམ་པོས་རྒྱལ་པོ་རྣམས་ཨིབ་རིའི་མི་རིགས་ཀྱི་སྐད་དུ་ཧཱར་མ་གེ་དོན་ཟེར་བའི་ས་ཆར་བསྡུས་སོ།།
17 ཕོ་ཉ་བདུན་པས་རང་གི་ཕོར་བ་བར་སྣང་དུ་བླུགས་ཏེ། སྐད་སྒྲ་ཆེན་པོ་ཞིག་མཆོད་ཁང་གི་ཁྲིའི་སྟེང་ནས་ཐོན་ཅིང་རྫོགས་པར་གྱུར་ཟིན་ཞེས་གསུངས་སོ།། 18 དེ་ནས་གློག་དམར་འཁྱུག་པ་དང་། ལྡིར་སྒྲ་སྒྲོག་པ། འབྲུག་སྒྲ་གྲགས་པ། ས་འགུལ་ཆེན་པོ་བཅས་བྱུང་ཞིང་། ས་སྟེང་དུ་མི་ཡོད་པ་ནས་བཟུང་། འདི་ལྟ་བུའི་ས་འགུལ་ཆེན་པོ་དང་ས་འགུལ་དྲག་པོ་བྱུང་མ་མྱོང་ངོ་།། 19 གྲོང་ཁྱེར་ཆེན་པོ་དེ་དུམ་བུ་གསུམ་དུ་གས་པ་དང་། རྒྱལ་ཁབ་སོ་སོའི་གྲོང་ཁྱེར་ཐམས་ཅད་ཀྱང་བརྡིབས། དཀོན་མཆོག་གིས་ཀྱང་རང་ཉིད་ཀྱི་ཐུགས་ཁྲོ་ཆེན་པོ་ཡོད་པའི་རྒུན་ཆང་གི་ཕོར་བ་དེ་པཱ་པེལ་ལོན་ཆེན་པོར་སྤྲོད་རྒྱུ་ཐུགས་ལ་དྲན། 20 གླིང་ཕྲན་ཐམས་ཅད་བྲོས་ཤིང་རི་བོ་དག་ཀྱང་ཡལ་བར་གྱུར། 21 ཡང་ནམ་མཁའ་ནས་སེར་བ་ཆེན་པོ་མིའི་སྟེང་དུ་བབས་པ་དང་། སེར་རྡོག་རེ་རེའི་ལྗིད་ཚད་ལ་སྤྱི་རྒྱ་ཞེ་ལྔ་ཙམ་ཡོད། སེར་བའི་ཆག་སྒོ་ཡི་རྐྱེན་གྱིས་མི་རྣམས་ཀྱིས་དཀོན་མཆོག་ལ་སྐུར་བ་བཏབ་པའོ༎ རྒྱུ་མཚན་ནི་ཆག་སྒོ་དེ་ཆེས་དྲགས་པས་སོ།།