ལེའུ་བརྒྱད་པ།
ཡེས་ར་ཨེལ་ཡང་བསྐྱར་དར་བའི་ཞལ་བཞེས།
1 དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེའི་བཀའ་ནི་ང་ལ་བྱུང་ནས་འདི་སྐད་དུ། 2 དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ང་རང་ཛ་ཡན་གྱི་དོན་དུ་སེམས་པ་ཕྲག་དོག་གིས་ཁེངས་པ་དང་། ང་རང་ཛ་ཡན་གྱི་ཕྱིར་ཕྲག་དོག་སྐྱེས་ཤིང་རབ་ཏུ་ཁྲོས་པ་ཡིན་ཞེས་གསུངས། 3 དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ང་རང་ཕྱིར་ཛ་ཡན་དུ་ལོག་ནས་ཡེ་རུ་སཱ་ལེམ་དུ་གནས་པར་བྱ་སྟེ། ཡེ་རུ་སཱ་ལེམ་ལ་དམ་ཚིག་ལྡན་པའི་གྲོང་ཁྱེར་ཞེས་དང་། དཔུང་ཚོགས་ཀུན་གྱི་ཡ་ཝཱེའི་རི་བོ་ལ་རི་བོ་དམ་པ་ཞེས་གསོལ་བར་འགྱུར། 4 དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། རྒན་པོ་རྒན་མོ་རྣམས་ཡེ་རུ་སཱ་ལེམ་གྱི་ཐང་ཆེན་དུ་སྡོད་ཅིང་། ཁོ་རྣམས་ལོ་ན་བགྲེས་པས་རེ་རེའི་ལག་ཏུ་འཁར་བ་བཟུང་བ་དང་། 5 གྲོང་ཁྱེར་གྱི་ཐང་ཆེན་དུ་བུ་ཆུང་དང་བུ་མོས་ཁེངས་ཏེ་རྩེད་མོར་རོལ་བ་ཡིན་ཞེས་གསུངས་སོ། ། 6 དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། དུས་དེ་རྣམས་སུ། དོན་འདི་ནི་མི་ལྷག་ལུས་རྣམས་ཀྱི་མིག་ནང་དུ་དཔེ་མི་སྲིད་པའི་དོན་ངོ་མཚར་ཅན་དུ་བརྩིས་པ་ཡིན་མོད། འོན་ཀྱང་ངའི་མཐོང་ངོར་ཡང་དཔེ་མི་སྲིད་པའི་དོན་དུ་སྣང་བར་འགྱུར་རམ་ཞེས་གསུངས་ཏེ། དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་འདི་སྐད་གསུངས། 7 དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ལྟོས་དང་། ངས་ཤར་ཕྱོགས་དང་ནུབ་ཕྱོགས་ནས་རང་གི་མི་རྣམས་སྐྱོབ་པར་འགྱུར་ལ། 8 ངས་དེ་རྣམས་ཕྱིར་ཁྲིད་འོངས་ནས་ཁོ་ཚོ་ཡེ་རུ་སཱ་ལེམ་ལ་སྡོད་དུ་འཇུག་པ་དང་། དེ་རྣམས་ང་ཡི་མི་སྡེ་རུ་འགྱུར་ཞིང་། ང་རང་ཁོ་རྣམས་ཀྱི་བློ་གཏོད་རུང་བ་དང་དྲང་བདེན་གྱི་དཀོན་མཆོག་ཏུ་འགྱུར་རོ་ཞེས་གསུངས། 9 དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། སྔར་དཔུང་ཚོགས་ཀུན་གྱི་ཡ་ཝཱེའི་མཆོད་ཁང་གི་རྩིག་གདན་བཏིངས་ནས་དེ་བཞེང་བར་གྲ་སྒྲིག་བྱེད་པའི་ཉིན་མོར། ལུང་སྟོན་པ་རྣམས་ཀྱིས་དངོས་སུ་བསྒྲགས་པའི་གཏམ་ཐོས་མྱོང་བ་ཁྱོད་ཅག་གི་ལག་པ་ནི་ངེས་པར་ད་ལྟ་ནས་སྟོབས་དང་ལྡན་པར་གྱིས་ཤིག 10 ཅིའི་ཕྱིར་ཞེ་ན། ཉིན་དེ་དག་གི་སྔོན་ལ་མི་ཡིས་ལས་ཀ་བྱས་པར་ལས་གླ་མེད་ལ། ཕྱུགས་ཟོག་ཀྱང་དེ་བཞིན་ཡིན་པར་མ་ཟད། དགྲ་བོ་ཡོད་པའི་རྐྱེན་གྱིས་མི་རྣམས་འགྲོ་འོང་བྱེད་དུས་བདེ་འཇགས་མེད་དེ། གང་ལ་ཞེ་ན། ངས་ཁྱིམ་མཚེས་རྣམས་ཕན་ཚུན་རྒོལ་དུ་བཅུག་པས་སོ། ། 11 ཡིན་ནའང་ད་ལྟ་ངས་མི་ལྷག་ལུས་འདི་རྣམས་ལ་སྔར་གྱི་དུས་དེ་བཞིན་དུ་མི་བྱེད་དོ་ཞེས་གསུངས་ཏེ། དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་འདི་སྐད་གསུངས། 12 ཅིའི་ཕྱིར་ཞེ་ན། ས་བོན་བག་ཕེབས་ཀྱིས་འདེབས་ཞིང་རྒུན་འབྲུམ་ཤིང་ལ་འབྲས་བུ་ཐོགས་པ་དང་། ས་ལས་ལོ་ཏོག་སྐྱེ་ཞིང་། གནམ་ནས་ཆར་ཟིལ་འབབ་པར་བྱ་སྟེ། ངས་མི་ལྷག་ལུས་འདི་རྣམས་ལ་དེ་ཐམས་ཅད་འཐོབ་པར་བྱའོ། ། 13 ཀྱེ་ཡ་ཧུ་དཱ་དང་ཡེས་ར་ཨེལ་གྱི་ཁྱིམ་རྒྱུད་ལགས། སྔར་ཁྱོད་ཅག་ཡུལ་ཁམས་རྣམས་ཀྱི་ཁྲོད་དུ་ཇི་ལྟར་དམོད་མོ་རུ་གྱུར་པ་ཡིན་ན། མ་འོངས་པར་ངས་ཁྱོད་ཅག་བསྐྱབས་ནས་དེ་ལྟར་བྱིན་རླབས་སུ་འགྱུར་བར་བྱ་སྟེ། ཁྱོད་རྣམས་དཔའ་མི་ཞུམ་པར་རང་གི་ལག་པ་སྟོབས་དང་ལྡན་པར་གྱིས་ཤིག་ཅེས་གསུངས་སོ། ། 14 དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ཁྱོད་ཀྱི་ཕ་མེས་རྣམས་ཀྱིས་ང་ལ་ཁོང་ཁྲོ་བསླངས་པའི་ཚེ། ངས་ཁྱོད་ཅག་གི་སྟེང་དུ་གནོད་འཚེ་འབྱུང་དུ་འཇུག་པའི་སེམས་ཐག་བཅད་ནས་བློ་མ་བསྒྱུར། 15 ཉིན་འདི་དག་ལ་ངས་སྔར་བཞིན་ཡེ་རུ་སཱ་ལེམ་དང་ཡ་ཧུ་དཱའི་ཁྱིམ་རྒྱུད་དྲིན་གྱིས་བསྐྱང་བའི་སེམས་ཐག་བཅད་པས་ཁྱོད་རྣམས་མ་འཇིགས་ཤིག 16 ཁྱོད་ཅག་གིས་དོན་འདི་རྣམས་བྱེད་དགོས་ཏེ། མི་རེ་རེས་རང་གི་ཁྱིམ་མཚེས་ལ་བདེན་གཏམ་སྨྲོས་ཤིག རང་གི་མཁར་སྒོ་རུ་དྲང་བདེན་སྤྱད་དེ་ཞི་ཞིང་བདེ་བར་བྱེད་པའི་ཁྲིམས་ཆོད་ཅིག 17 ཁྱོད་ཚོ་མི་རེ་རེའི་སེམས་སུ་དོན་ངན་སྤྱོད་པར་ལྐོག་ཇུས་བཤམས་ནས་ཕན་ཚུན་ལ་གནོད་མ་བསྐྱལ་ཞིག རྫུན་གྱི་མནའ་བསྐྱལ་བར་དགའ་མི་རུང་། གང་ལ་ཞེ་ན། འདི་དག་ནི་ང་རང་སྡང་བའི་དོན་རྣམས་ཡིན་པས་སོ་ཞེས་གསུངས་ཏེ། དཀོན་མཆོག་ཡ་ཝཱེས་འདི་སྐད་གསུངས་སོ། ། 18 དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེའི་བཀའ་ནི་ང་ལ་བྱུང་ནས་འདི་སྐད་དུ། 19 དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ཟླ་བཞི་པའི་སྨྱུང་གནས་དང་། ཟླ་ལྔ་པའི་སྨྱུང་གནས། ཟླ་བདུན་པའི་སྨྱུང་གནས། ཟླ་བཅུ་པའི་སྨྱུང་གནས་བཅས་ནི་ཡ་ཧུ་དཱའི་ཁྱིམ་རྒྱུད་དགའ་ཞིང་སྐྱིད་པའི་དུས་དང་། དགའ་སྤྲོའི་དུས་ཆེན་དུ་འགྱུར་བས་ན། ཁྱོད་ཅག་དྲང་བདེན་དང་ཞི་བདེ་ལ་དགའ་བར་གྱིས་ཤིག་ཅེས་གསུངས།
20 དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། མ་འོངས་པར་མི་རིགས་ཀུན་དང་གྲོང་ཁྱེར་མང་པོའི་ཡུལ་མི་རྣམས་འོངས་ནས། 21 གྲོང་ཁྱེར་དེའི་ཡུལ་མི་རྣམས་གྲོང་ཁྱེར་གཞན་དུ་སོང་ནས་དེ་དག་ལ། རང་ཅག་མྱུར་དུ་འགྲོ་ལ་དཀོན་མཆོག་ཡ་ཝཱེས་དྲིན་གྱིས་བསྐྱང་བའི་ཕྱིར་ཞུ་བ་འབུལ་བར་བྱ། དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེ་ལ་ཞུ་བ་འབུལ་བར་བྱ། ང་རང་ཉིད་ཀྱང་འགྲོའོ་ཞེས་སྨྲ་བར་འགྱུར། 22 མི་རིགས་མང་པོ་དང་སྟོབས་འབྱོར་ལྡན་པའི་རྒྱལ་ཁམས་རྣམས་འོངས་ནས་ཡེ་རུ་སཱ་ལེམ་དུ་དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེ་འཚོལ་ཞིང་། ཁོང་གིས་དྲིན་གྱིས་བསྐྱང་བའི་ཕྱིར་ཞུ་བ་འབུལ་བར་འགྱུར་ཞེས་གསུངས། 23 དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་འདི་སྐད་གསུངས་ཏེ། ཉིན་དེ་དག་ལ་ཡུལ་ཁམས་རེ་རེ་དང་སྐད་རིགས་སོ་སོ་ནས་མི་བཅུ་འོངས་ནས་ཡ་ཧུ་དཱ་པའི་མི་གཅིག་གི་ལྭ་ཡི་ཐུ་བར་འཇུས་ནས་འདི་ལྟར། ངེད་ཅག་ཁྱོད་རྣམས་དང་མཉམ་དུ་འགྲོ་རུ་ཆུག་དང་། ཅི་ལ་ཞེ་ན། ངེད་ཅག་གིས་དཀོན་མཆོག་ཁྱེད་རྣམས་དང་མཉམ་དུ་བཞུགས་པ་ཐོས་བྱུང་ཞེས་ཞུ་བར་འགྱུར་ཞེས་པའོ་ཞེས་གསུངས་སོ། །