༄༅། །ལུང་སྟོན་པ་ཟེ་ཕན་ཡཱའི་མདོ།
ལུང་སྟོན་པ་ཟེ་ཕན་ཡཱའི་མདོ་ཞེས་བྱ་བའི་ངོ་སྤྲོད་མདོར་བསྡུས།
ཁ་བྱང་དང་ལོ་རྒྱུས་རྒྱབ་ལྗོངས།
ཟེ་ཕན་ཡཱ་ཞེས་པ་ནི་དཀོན་མཆོག་ཡ་ཝཱེས་སྦས་པར་མཛད་པའམ་ཡང་ན་སྲུང་བར་མཛད་པ་ཞེས་པའི་དོན་ཡིན། ཧི་ཟི་ཀི་ཡཱ་སྐུ་གྲོངས་པའི་རྗེས་སུ་ཡ་ཧུ་དཱའི་ཆོས་ལུགས་ཀྱི་གནས་ཚུལ་ཇེ་སྡུག་ཏུ་ཕྱིན། ཡོ་ཤི་ཡཱས་གནད་དོན་དེ་གཙང་མར་བཟོས་ནས་བསྐྱར་དར་མཛད་པའི་འགོ་བརྩམས་ནའང་ལེགས་འགྲུབ་མ་བྱུང་། སྐབས་དེར་ཡེ་རམ་ཡཱ་དང་ནཱ་ཧུམ་གཉིས་ཀྱིས་ཟེ་ཕན་ཡཱ་ལ་རྒྱབ་སྐྱོར་མཛད་ནས། ཡ་ཧུ་དཱ་པ་རྣམས་ལ་འགྱོད་བཤགས་བྱེད་དགོས་པར་གདམས་ན་ཡང་། དེ་དག་གིས་འོན་པ་ལྟར་བྱས་ནས་མ་མཉན་པས་ན། ཡ་ཧུ་དཱ་པ་རྣམས་ཉེས་ཆད་གཅོད་རུང་བའི་ཚད་དུ་སླེབས་པ་རེད།
ཡི་གེར་འགོད་མཁན་དང་འགོད་དུས།
ལུང་སྟོན་པ་ཟེ་ཕན་ཡཱ་ནི་ཡ་ཧུ་དཱ་པའི་སྤྱི་ཚོགས་ཁྲོད་དུ་སྐད་གྲགས་ཅན་ཞིག་ཡིན་པར་གསལ། ཁོང་ནི་རྒྱལ་པོ་ཧི་ཟི་ཀི་ཡཱའི་རིགས་རྒྱུད་ཀྱི་མི་རབས་བཞི་པ་ཡིན། ཟེ་ཕན་ཡཱ་ཞེས་པའི་གཞུང་དུ་ཁྲིམས་ཀྱི་དོན་དག་དང་སྐབས་དེའི་ཆབ་སྲིད་སྐོར་ལ་རྒྱུས་མངའ་ཆེན་པོ་ཡོད་པར་བཀོད་ཡོད། ལེའུ་དང་པོའི་ཚིག་རྐང་དང་པོའི་ནང་དུ། ཡོ་ཤི་ཡཱས་རྒྱལ་སྲིད་བསྐྱངས་པའི་སྐབས་སུ་༼སྤྱི་ལོ་སྔོན་གྱི་640ལོ་ནས་609ལོའི་བར།༽ཟེ་ཕན་ཡཱས་ལུང་བསྟན་པ་རེད་ཅེས་གསུངས་ཡོད། རྒྱུ་མཚན་དེའི་དབང་གིས། ལུང་བསྟན་གྱི་མདོ་འདི་ནི་ཧ་ལམ་སྤྱི་ལོ་སྔོན་གྱི་630ལོའི་ཡས་མས་སུ་ཡི་གེར་བཀོད་པ་ཡིན།
བརྗོད་སྙིང་དང་གསུང་འཕྲིན།
ཡི་གེར་འགོད་མཁན་གྱི་དམིགས་ཡུལ་ནི་དཀོན་མཆོག་གི་ཉེས་ཆད་ཡ་ཧུ་དཱ་པའི་སྟེང་དུ་འབབ་པར་ཉེ་བའི་སྐོར་ཁྱབ་བསྒྲགས་བྱེད་རྒྱུ་དེ་རེད། ཁོང་གི་བརྗོད་བྱ་གཙོ་བོ་ནི་དཀོན་མཆོག་ཡ་ཝཱེའི་ཉིན་མོ་ཕེབས་པར་འགྱུར་བ་དང་། སྐབས་དེར་དཀོན་མཆོག་གིས་མི་རིགས་དེ་ལ་ཉེས་ཆད་དྲག་པོ་གཅོད་པར་འགྱུར། ཟེ་ཕན་ཡཱས་དངངས་སྐྲག་ལྡན་པའི་ཉེས་ཆད་འབབ་པ་བརྗོད་པའི་ཆབས་ཅིག དཀོན་མཆོག་གིས་རང་གི་མི་རྣམས་ལ་སྔར་ལས་ཀྱང་སྙིང་རྗེ་ཆེན་པོ་དགོངས་པར་མཛད་པ་ཡང་གསལ་པོར་སྨྲས།
འཆར་ཟིན།
1. ངོ་སྤྲོད། ༼1:1-3༽
2. ཡ་ཧུ་དཱ་པ་དང་མི་རིགས་ཀུན་གྱི་སྟེང་ལ་དཀོན་མཆོག་ཡ་ཝཱེའི་ཉིན་མོ་སླེབ་པར་འགྱུར་བ། ༼1:4-18༽
3. མི་རིགས་ཀུན་ལ་དཀོན་མཆོག་གི་ཉེས་ཆད་འབབ་པར་འགྱུར་བའི་སྐོར། ༼2:1-3:8༽
4. ཡེས་ར་ཨེལ་གྱི་ལྷག་ལུས་རྣམས་སྐྱོབ་པའི་སྐོར། ༼3:9-20༽
ལེའུ་དང་པོ།
དཀོན་མཆོག་ཡ་ཝཱེས་ཉེས་ཆད་གཅོད་པར་བསྒྲགས་པ།
དེ་ཡང་ཡ་ཧུ་དཱའི་རྒྱལ་པོ་ཨ་མོན་གྱི་བུ་ཡོ་ཤི་ཡཱ་རྒྱལ་པོར་སྡོད་པའི་དུས་སུ། དཀོན་མཆོག་ཡ་ཝཱེའི་བཀའ་ནི་ཧི་ཟི་ཀི་ཡཱའི་གསུམ་ཚ་དང་། ཨ་མར་ཡཱའི་ཡང་ཚ་དང་། གེ་དལ་ཡཱའི་ཚ་བོ་སྟེ། ཀུ་ཤིའི་བུ་ཟེ་ཕན་ཡཱ་ལ་བྱུང་ཞིང་། དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། བདག་གིས་ས་གཞིའི་སྟེང་གི་བྱ་དངོས་ཡོད་ཚད་མེད་པར་བྱེད་ངེས་ཡིན་ཞེས་གསུངས་སོ། ། ཡང་དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། བདག་གིས་མིའི་རིགས་དང་། དུད་འགྲོ་རྣམས་དང་། ནམ་མཁའི་བྱ་དང་། རྒྱ་མཚོའི་ཉ་ཐམས་ཅད་མེད་པར་བྱེད་དགོས་པ་དང་། བདག་གིས་མི་ངན་འགྱེལ་བར་བྱ་ཞིང་། མིའི་རིགས་ནི་ས་གཞི་ལས་མེད་པར་བྱའོ་ཞེས་གསུངས་སོ། ། བདག་གིས་རང་གི་ལག་པ་བརྐྱངས་ཏེ་ཡ་ཧུ་དཱའི་ཡུལ་དང་ཡེ་རུ་སཱ་ལེམ་གྱི་མི་ཀུན་ལ་རྒོལ་བར་འགྱུར་ཏེ། བདག་གིས་ཡུལ་འདི་ནས་པཱ་ཨལ་གྱི་ཤུལ་ལུས་རྣམས་མེད་པར་བྱ་ཞིང་། སྐུ་འདྲར་དད་པའི་མཆོད་དཔོན་དག་གི་མིང་དང་། བསམ་པ་རྣམ་དག་མ་ཡིན་པའི་དཀོན་མཆོག་ཡ་ཝཱེའི་མཆོད་དཔོན་རྣམས་མེད་པར་བྱའོ། ། ཁང་ཀླད་ནས་ནམ་མཁའི་སྐར་ཚོགས་ལ་བསྙེན་བཀུར་བྱེད་ཅིང་། དཀོན་མཆོག་ཡ་ཝཱེར་བསྙེན་བཀུར་ཞུས་ནས་ཁོང་ཉིད་དཔང་དུ་བཙུགས་ཏེ་མནའ་སྐྱེལ་བ་དང་། ཡང་ལྷ་མིལ་ཀོམ་དཔང་དུ་བཙུགས་ཏེ་མནའ་སྐྱེལ་མཁན་རྣམས་དང་། ཕར་འཁོར་ནས་དཀོན་མཆོག་ཡ་ཝཱེའི་རྗེས་སུ་མི་འབྲང་བ་རྣམས་དང་། དཀོན་མཆོག་ཡ་ཝཱེ་མི་བཙལ་ཞིང་ཁོང་གི་དྲུང་དུ་བཀའ་འདྲི་ཞུ་བར་ཡང་མི་འགྲོ་བ་རྣམས་ཀྱང་མེད་པར་བྱའོ། །
དཀོན་མཆོག་ཡ་ཝཱེའི་དུས་རྣམས།
ཁྱོད་ནི་གཙོ་བོ་ཡ་ཝཱེའི་དྲུང་དུ་ཁུ་སིམ་མེར་སྡོད་ཅིག ཅིའི་ཕྱིར་ཞེ་ན། དཀོན་མཆོག་ཡ་ཝཱེའི་ཉིན་མོ་སླེབས་ལ་ཉེ་ཞིང་། དཀོན་མཆོག་ཡ་ཝཱེས་མཆོད་རྫས་རྣམས་གྲ་སྒྲིག་བྱས་ཟིན་ལ། ཁོང་གིས་གདན་དྲངས་པའི་མགྲོན་པོ་རྣམས་དམ་པར་མཛད་དོ། ། དཀོན་མཆོག་ཡ་ཝཱེའི་མཆོད་པ་འབུལ་བའི་ཉིན་མོར་ངས་འགོ་དཔོན་དང་རྒྱལ་སྲས་རྣམས་ལ་ཆད་པ་གཅོད་པ་དང་། ཕྱི་ཕྱོགས་པའི་གོས་གྱོན་པ་ཐམས་ཅད་ལ་ཉེས་ཆད་གཅོད་ངེས་ཡིན། ཉིན་དེ་སླེབས་ཚེ། ངས་སྒོ་ཐེམ་ལ་བགོམས་ནས་འགྲོ་བ་ཐམས་ཅད་དང་། བཙན་ཤུགས་དང་གཡོ་འཕྲུལ་གྱིས་བླངས་པའི་རྒྱུ་ནོར་གྱིས་རང་གི་ལྷ་ཁང་བཀང་དུ་འཇུག་པ་ཐམས་ཅད་ལ་ཉེས་ཆད་གཅོད་པར་འགྱུར་ཞེས་གསུངས་སོ། ། 10 དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ཉིན་དེ་སླེབས་ཚེ། ཉ་སྒོ་ལས་ངུ་འབོད་བསྒྲག་འོང་ཞིང་། གནས་གསར་པ་ནས་སྨྲེ་སྔགས་འདོན་པའི་སྒྲ་ཐོས་འོང་བ་དང་། རི་རྣམས་ལས་གས་པའི་སྒྲ་ཆེན་པོ་གྲགས་འོང་ངོ་། ། 11 ཀྱེ་མག་ཏེ་སིའི་*འདིར་མག་ཏེ་སི་ཞེས་པ་ནི་གཏུན་ཁུང་གི་དོན་ཡིན་ལ། ཡེ་རུ་སཱ་ལེམ་གྱི་ཡུལ་ཁ་ཤས་ལ་དེ་ལྟར་འབོད་པ་ཡིན། མི་སྡེ་རྣམས། ཁྱོད་རྣམས་ཀྱིས་སྨྲེ་སྔགས་ཐོན་ཞིག ཅིའི་ཕྱིར་ཞེ་ན། ཚོང་པ་ཐམས་ཅད་མེད་པར་བཟོས་ཤིང་། དངུལ་ཁྱེར་ནས་ཚོང་རྒྱག་མཁན་ཐམས་ཅད་ཚར་དུ་བཅད་དོ། ། 12 དེའི་དུས་སུ་ངས་སྒྲོན་མེ་ཡར་བཏེགས་ནས་ཡེ་རུ་སཱ་ལེམ་བསྔོགས་ཏེ། སྙིགས་རོ་མ་དཀྲུག་པའི་རྒུན་ཆང་དྭངས་མོ་དང་འདྲ་བའི་མི་ འདིར་སྙིགས་རོ་མ་དཀྲུག་པའི་རྒུན་ཆང་དྭངས་མོ་དང་འདྲ་བའི་མི་ཞེས་པ་ནི་རང་བློ་ཚིམས་པའི་མི་རྣམས་ལ་གོ་བ་དང་། དེ་རྣམས་ཀྱིས་ཐ་ན་རྒུན་ཆང་གི་སྙིགས་རོ་ཡང་མི་བཙག་སྟེ། བཟང་ངན་གང་ཡིན་བསྲེས་ནས་འཇོག་པའི་དོན་ཡིན། རྣམས་ལ་ཉེས་ཆད་གཅོད་པ་དང་། མི་དེ་དག་གིས་སེམས་སུ་དཀོན་མཆོག་ཡ་ཝཱེས་བྱིན་རླབས་མི་གནང་ལ། གནོད་འཚེ་ཡང་མི་མཛད་སྙམ་པ་ཡིན། 13 དེ་དག་གི་རྒྱུ་ནོར་ནི་བཅོམ་ནོར་དུ་འགྱུར་ཞིང་། དེ་དག་གི་ཁང་པ་རྣམས་ཞིག་རོར་ལུས་པ་དང་། དེ་དག་གིས་ཁང་པ་བརྩིགས་ཀྱང་དེའི་ནང་དུ་སྡོད་མི་ཐུབ་ལ། རྒུན་འབྲུམ་ར་བ་བཙུགས་ཀྱང་དེས་བསྙལ་བའི་རྒུན་ཆང་འཐུང་མི་ཐུབ་བོ། །
14 དཀོན་མཆོག་ཡ་ཝཱེའི་ཉིན་ཆེན་པོ་དེ་སླེབས་ལ་ཉེ་ཞིང་མྱུར་དུ་སླེབ་ངེས་ཡིན། དཀོན་མཆོག་ཡ་ཝཱེའི་དུས་ལ་སྡུག་བསྔལ་ཆེ་ཞིང་། ཉིན་དེར་དཔའ་བོ་རྣམས་ཀྱིས་ཀྱང་ངུ་འབོད་བྱེད་པར་འགྱུར། 15 ཉིན་མོ་དེ་ནི་ཐུགས་ཁྲོ་བའི་ཉིན་མོ་དང་། སྡུག་བསྔལ་དང་དཀའ་ཚེགས་ཀྱི་ཉིན་མོ། ཉམས་རྒུད་དང་སྐྱོ་སྣང་གི་ཉིན་མོ། མུན་ནག་དང་སྨག་རུམ་གྱི་ཉིན་མོ། སྤྲིན་ནག་དང་མུན་པའི་ཉིན་མོ། 16 དམག་དུང་འབུད་ཅིང་ངར་སྐད་སྒྲོག་པའི་ཉིན་མོ་བཅས་ཡིན་པ་དང་། མཁར་བརྟན་པོ་དང་ལྕོག་མཁར་མཐོན་པོ་རྣམས་ལ་རྒོལ་བར་འགྱུར་རོ། ། 17 ངས་མི་ཐམས་ཅད་ལ་སྡུག་བསྔལ་མྱང་དུ་འཇུག་ཅིང་། ཁོ་རྣམས་ལོང་པ་བཞིན་དུ་སྐྱོད་པར་བྱ་སྟེ། ཅིའི་ཕྱིར་ཞེ་ན། ཁོ་ཚོས་བདག་ལ་འགལ་བའི་སྡིག་པ་བྱས་པས་སོ། །ཁོ་ཚོའི་ཁྲག་ནི་ས་རྡུལ་བཞིན་ཕྱིར་ལྡུག་ཅིང་། ཁོ་ཚོའི་ལུས་པོ་ནི་བཙོག་པ་བཞིན་འདོར་བར་འགྱུར། 18 དཀོན་མཆོག་ཡ་ཝཱེ་ཐུགས་ཁྲོ་བའི་ཉིན་མོ་ལ། ཁོ་ཚོའི་གསེར་དངུལ་གྱིས་ཁོ་ཚོ་སྐྱོབ་མི་ནུས། ས་གཞི་ཐམས་ཅད་ཁོང་གི་ཕྲག་དོག་གི་མེ་ལྕེ་ཡིས་ཁྱུར་མིད་གཏོང་ངེས་ཏེ། ཅིའི་ཕྱིར་ཞེ་ན། ཁོང་གིས་ས་གཞིའི་སྟེང་གི་མི་སྡེ་ཐམས་ཅད་རྩ་བ་ནས་མེད་པར་མཛད་ཅིང་། དེ་ནི་ཤིན་ཏུ་འཇིགས་ཆེ་བའི་ཚར་གཅོད་ཡིན་ནོ་ཞེས་གསུངས་སོ། །

*ལེའུ་དང་པོ།:11 འདིར་མག་ཏེ་སི་ཞེས་པ་ནི་གཏུན་ཁུང་གི་དོན་ཡིན་ལ། ཡེ་རུ་སཱ་ལེམ་གྱི་ཡུལ་ཁ་ཤས་ལ་དེ་ལྟར་འབོད་པ་ཡིན།

ལེའུ་དང་པོ།:12 འདིར་སྙིགས་རོ་མ་དཀྲུག་པའི་རྒུན་ཆང་དྭངས་མོ་དང་འདྲ་བའི་མི་ཞེས་པ་ནི་རང་བློ་ཚིམས་པའི་མི་རྣམས་ལ་གོ་བ་དང་། དེ་རྣམས་ཀྱིས་ཐ་ན་རྒུན་ཆང་གི་སྙིགས་རོ་ཡང་མི་བཙག་སྟེ། བཟང་ངན་གང་ཡིན་བསྲེས་ནས་འཇོག་པའི་དོན་ཡིན།