ལེའུ་བཅུ་གཉིས་པ།
སྐུ་ཚབ་པེ་ཏྲོ་བཙོན་ཁང་ལ་བཅུག་པ།
1 དེའི་དུས་སུ་རྒྱལ་པོ་ཧེ་རོ་དཱེ་ཡིས་ཆོས་ཚོགས་ཀྱི་མིའི་ནང་ནས་ཁ་ཤས་ལ་གནོད་སྐྱེལ་བའི་ཕྱིར་ཁོ་རྣམས་འཛིན་བཟུང་བྱེད་དུ་བཅུག
2 ཁོས་ཡོ་ཧ་ནན་གྱི་གཅེན་པོ་སྐུ་ཚབ་ཡ་ཀོབ་རལ་གྲིའི་ཁ་ཡིས་བསད་དུ་བཅུག་པས།
3 ཡ་ཧུ་དཱ་པ་རྣམས་དགའ་བར་གྱུར་བ་མཐོང་ནས་ཁོས་པེ་ཏྲོ་ཡང་འཛིན་བཟུང་བྱས། (དེ་ནི་སྐྱུར་རྩི་མེད་པའི་བག་ལེབ་དུས་ཆེན་གྱི་དུས་སུ་བྱུང་)
4 ཧེ་རོ་དཱེ་ཡིས་པེ་ཏྲོ་བཟུང་ནས་བཙོན་ཁང་དུ་བཅུག་ཅིང༌། ཁོ་སྲུང་བའི་ཕྱིར་དམག་མི་བཞི་རེ་ཅན་གྱི་དམག་ཁག་བཞི་ལ་གཏད། པེ་སག་དུས་ཆེན་དེའི་རྗེས་སུ་ཁོས་པེ་ཏྲོ་ཡུལ་མི་རྣམས་ཀྱི་མདུན་དུ་འཁྲིད་ནས་ཁྲིམས་གཅོད་པར་འདོད།
5 པེ་ཏྲོ་བཙོན་ཁང་ལ་བཅུག་དུས་ཆོས་ཚོགས་ཀྱིས་ཁོང་གི་ཆེད་དུ་དཀོན་མཆོག་ལ་སྙིང་ཐག་པ་ནས་གསོལ་འདེབས་བྱས།
སྐུ་ཚབ་པེ་ཏྲོ་བཙོན་ཁང་ནས་ཐར་བ།
6 ཧེ་རོ་དཱེ་ཡིས་པེ་ཏྲོ་ཡུལ་མི་རྣམས་ཀྱི་མདུན་དུ་ཁྲིད་ནས་ཁྲིམས་གཅོད་བྱེད་པའི་སྔོན་གྱི་མཚན་མོར་པེ་ཏྲོ་ལྕགས་ཐག་གཉིས་ཀྱིས་བཅིངས་ཏེ་དམག་མི་གཉིས་ཀྱི་བར་དུ་གཉིད་ཁུག་ནས་བསྡད། སྒོའི་ཕྱི་རོལ་ཏུ་སྲུང་དམག་རྣམས་ཀྱིས་བཙོན་ཁང་བསྲུངས།
7 གློ་བུར་དུ་དཀོན་མཆོག་གི་ཕོ་ཉ་ཞིག་མངོན་སུམ་དུ་བྱུང་ཞིང་ཁང་མིག་ལ་འོད་ཅིག་འཕྲོས། ཕོ་ཉས་གཉིད་གསོད་པའི་ཕྱིར་པེ་ཏྲོའི་གཞོགས་ལ་འཆང་སྟེ་ཁོང་ལ་“མགྱོགས་པོ་ལོངས་ཤིག་”ཅེས་གསུངས་པས་ལྕགས་ཐག་གཉིས་ཁོང་གི་ལག་པ་ནས་སར་ལྷུངས།
8 ཡང་ཕོ་ཉས་ཁོང་ལ་“སྐེ་རགས་བཅིངས་ནས་ལྷམ་གྱོན་ཞིག་”ཅེས་གསུངས་པས་པེ་ཏྲོས་དེ་ལྟར་བྱས་པ་དང༌། ཕོ་ཉས་“ཕྱི་གོས་གྱོན་ནས་ངའི་རྗེས་སུ་ཤོག་”ཅེས་གསུངས།
9 པེ་ཏྲོ་ཕྱིར་ཐོན་ནས་ཕོ་ཉའི་རྗེས་སུ་འབྲངས། ཕོ་ཉས་གང་མཛད་པ་དེ་དངོས་གནས་ཡིན་པ་པེ་ཏྲོས་མི་ཤེས་ཏེ། ཞལ་གཟིགས་ཤིག་མཐོང་བར་སྙམ།
10 དེ་རྗེས་སྲུང་དམག་དང་པོ་དང་གཉིས་པ་བརྒལ་ནས་གྲོང་ཁྱེར་ལ་འགྲོ་བའི་ལྕགས་སྒོར་སླེབས་པ་དང༌། དེ་རང་ཤུགས་ཀྱིས་ཕྱེ་ནས་ཁོང་ཚོ་ཕྱིར་ཐོན་ཏེ་སྲང་ལམ་ཞིག་བརྒྱུད་ནས་ཕེབས་དུས་གློ་བུར་དུ་ཕོ་ཉ་ཁོང་དང་ཁ་བྲལ།
11 པེ་ཏྲོས་གང་བྱུང་བ་དེ་དངོས་གནས་ཡིན་པ་ཤེས་ནས་“ད་གཙོ་བོས་རང་གི་ཕོ་ཉ་མངགས་ཏེ་རྒྱལ་པོ་ཧེ་རོ་དཱེ་ཡི་དབང་ཤེད་དང༌། ཡ་ཧུ་དཱ་པ་རྣམས་ཀྱིས་རེ་སྒུག་བྱེད་པའི་དོན་ཐམས་ཅད་ལས་ང་སྐྱོབ་པར་མཛད་པ་ངས་ཐེ་ཚོམ་མེད་པར་ཤེས་”ཞེས་གསུངས།
12 དེ་ལྟར་བསམས་མ་ཐག་ཁོང་ཡོ་ཧ་ནན་ཏེ་མར་ཀུ་ཡང་བྱ་བའི་ཨ་མ་མིར་ཡམ་གྱི་ཁང་པར་ཕེབས། དེར་མི་མང་པོ་འཛོམས་ནས་སྨོན་ལམ་འདེབས་བཞིན་ཡོད།
13 པེ་ཏྲོས་ཕྱི་སྒོ་བརྡུངས་པས་རོལ་དཱ་ཞེས་ཟེར་བའི་གཡོག་མོ་ཞིག་སྒོ་ཕྱེ་བར་ཡོང༌།
14 པེ་ཏྲོའི་སྐད་ཡིན་པར་ཤེས་ཏེ་ཧ་ཅང་དགའ་བའི་ངང་ནས་སྒོ་མ་ཕྱེ་བར་ནང་ལ་བརྒྱུགས་ཤིང་“པེ་ཏྲོ་ལགས་སྒོའི་ཕྱི་ལ་འདུག་”ཅེས་བཤད།
15 ཁོ་ཚོས་ཁོ་མོ་ལ་“ཁྱོད་སྨྱོའོ་”ཞེས་ཟེར་ན་ཡང༌། ཁོ་མོས་བདེན་པ་ཡིན་པར་ཨུ་ཚུགས་བྱས་པས། ཁོ་ཚོས་“ཁོང་གི་ཕོ་ཉ་ཡིན་པར་ངེས་”ཞེས་སྨྲས།
16 དེའི་རིང་ལ་པེ་ཏྲོས་མུ་མཐུད་སྒོ་བརྡུངས། སྒོ་ཕྱེ་ནས་ཁོང་མཐོང་བས་ཁོ་རྣམས་ངོ་མཚར་བར་གྱུར།
17 པེ་ཏྲོས་ཁ་ཁུ་སིམ་པོར་སྡོད་དགོས་པའི་ལག་བརྡ་བྱས་ཏེ། གཙོ་བོས་ཁོང་ཇི་ལྟར་བཙོན་ཁང་ནས་འཁྲིད་པའི་གཏམ་ཁོ་ཚོར་བཤད། ཁོང་གིས་“དོན་དེ་ཡ་ཀོབ་དང་སྤུན་ཟླ་གཞན་རྣམས་ལ་ཤོད་ཅིག་”ཅེས་གསུངས་ནས་ཁོ་ཚོ་དང་ཁ་བྲལ་ཏེ་ས་ཆ་གཞན་ཞིག་ལ་ཕར་ཕེབས།
18 དེའི་སང་ཞོགས་པེ་ཏྲོ་གང་དུ་སོང་མིན་མ་ཤེས་པས་དམག་མི་རྣམས་ཤིན་ཏུ་འཁྲུགས་པར་གྱུར།
19 ཧེ་རོ་དཱེ་ཡིས་ཁོང་བཙལ་ནས་མ་རྙེད་པས་ཁོས་སྲུང་དམག་རྣམས་ལ་འདྲི་གཅོད་བྱས་པ་དང༌། ཁོ་ཚོ་ལ་སྲོག་ཁྲིམས་གཏོང་དགོས་པའི་བཀའ་བསྒོས། དེའི་རྗེས་སུ་ཁོ་ཡ་ཧུ་དཱ་ཡུལ་ནས་སེ་སར་རེ་ཡཱ་གྲོང་ཁྱེར་ལ་ཕྱིན་ནས་དེར་གནས་སོ། །
རྒྱལ་པོ་ཧེ་རོ་དཱེ་ཤི་བའི་སྐོར།
20 ཧེ་རོ་དཱེ་ཐཱ་ཨེར་དང་ཚི་དོན་གྲོང་ཁྱེར་གྱི་འབངས་མི་རྣམས་ལ་ཤིན་ཏུ་ཁྲོས་པར་འགྱུར། ཁོ་ཚོའི་ཡུལ་དེ་ནི་རྒྱལ་པོའི་ཧེ་རོ་དཱེ་ཡི་ཡུལ་ལ་བརྟེན་ནས་འཚོ་ཆས་འཐོབ་པར་བྱེད་དགོས་པས། ཡུལ་མི་རྣམས་ཀྱིས་སྐུ་ཚབ་ཚོགས་པ་ཞིག་བཏང་སྟེ་རྒྱལ་པོའི་གཟིམ་དཔོན་པཱ་ལ་སི་ཐོ་བློ་འགུགས་ནས་བར་འདུམ་གཏོང་བའི་རེ་བ་ཞུས།
21 གཏན་འཁེལ་བའི་ཉིན་མོ་ཞིག་ལ་ཧེ་རོ་དཱེ་ཡིས་རྒྱལ་པོའི་གོས་གྱོན་ནས་ཁྲིམས་དཔོན་གྱི་ཁྲིར་བསྡད་པ་དང༌། མི་རྣམས་ལ་གཏམ་སྨྲ་བར་བརྩམས།
22 མི་རྣམས་ཀྱིས་“འདི་ནི་མི་ཞིག་གི་སྐད་མ་ཡིན་ཏེ། ལྷ་ཡི་གསུང་སྐད་ཡིན་”ཞེས་སྐད་ཆེན་པོས་ཡང་ཡང་བཤད།
23 ཧེ་རོ་དཱེ་ཡིས་བསྟོད་པ་འདི་དཀོན་མཆོག་ལ་མ་ཕུལ་བས། འཕྲལ་དུ་གཙོ་བོའི་ཕོ་ཉ་ཞིག་གིས་ཁོ་ལ་ནད་ཀྱིས་བཏབ་ནས་རྒྱུ་སྲིན་གྱིས་བཟས་ནས་ཤིའོ། །
24 ཡང་གཙོ་བོ་དཀོན་མཆོག་གི་བཀའ་ཁྱབ་པས། དད་ལྡན་རྣམས་ཀྱི་གྲངས་མང་དུ་འཕེལ།
25 དེ་ནས་པར་ན་པཱ་དང་ཤ་ཨུལ་གཉིས་ཀྱིས་ཡེ་རུ་ཤ་ལེམ་ལ་ལས་ཀ་སྒྲུབས་ཚར་བས། ཡོ་ཧ་ནན་ཏེ་མར་ཀུ་ཡང་བྱ་བ་འཁྲིད་དེ་ཕྱིར་ལོག་ཕེབས་སོ། །