༄༅། །པའུ་ལུ་ཡིས་ཀོ་རིན་ཐུ་པར་བྲིས་པའི་འཕྲིན་ཡིག་དང་པོ་བཞུགས་སོ། །
འགོ་བརྗོད།
རྩོམ་པ་པོ། སྐུ་ཚབ་པའུ་ལུ།
རྩོམ་དུས། སྤྱི་ལོ་55 གཡས་གཡོན་ལ་འཕྲིན་ཡིག་འདི་བྲིས། (ལོ་རྒྱུས་དོན་ཆེན་རེའུ་མིག་ལ་གཟིགས་)
རྩོམ་རིག་གི་རྣམ་གྲངས། འཕྲིན་ཡིག
ཐོག་མའི་ཀློག་མཁན། ཀོ་རིན་ཐུ་གྲོང་ཁྱེར་ལ་སྡོད་མཁན་མཱ་ཤི་ཀ་པ་རྣམས། (གནའ་རབས་ཀྱི་ཀོ་རིན་ཐུ་གྲོང་ཁྱེར་གྱི་གནའ་ཤུལ་ནི་དེང་སྐབས་ཀྱི་གྷི་རིག་རྒྱལ་ཁབ་ཀྱི་ལྷོ་ཕྱོགས་སུ་ཡོད་)
ནང་དོན་གཙོ་བོ། སྤྱི་ལོའི་དུས་རབས་དང་པོའི་དུས་དཀྱིལ་ཙམ་ལ་སྐུ་ཚབ་པའུ་ལུ་ཡིས་ཀོ་རིན་ཐུ་གྲོང་ཁྱེར་ལ་ཆོས་ཚོགས་གཅིག་བཙུགས། ཆོས་ཚོགས་འདིར་རྙོག་དྲ་མང་པོ་ཡོད། དད་ལྡན་པ་རྣམས་ཀྱིས་གཉེན་སྒྲིག་དང༌། ལྷ་སྐུ་རྣམས་ལ་ཕུལ་བའི་ཟས། དམ་པའི་ཐུགས་ཉིད་ཀྱི་གནང་སྦྱིན། འཆི་བ་ནས་སླར་གསོན་པའི་སྐོར་རྩོད་བཞིན་ཡོད། མི་ཁ་ཤས་ཀྱིས་ཐ་ན་ལོག་གཡེམ་བྱས། དོན་དེ་རྣམས་ཀྱི་སྐོར་ཐོས་ཏེ་སྐུ་ཚབ་པའུ་ལུ་སེམས་འཁྲུགས་ནས་ཀོ་རིན་ཐུ་པའི་ནོར་འཁྲུལ་ཡོ་བསྲངས་བྱེད་པའི་ཆེད་དུ་འཕྲིན་ཡིག་འདི་བྲིས། འཕྲིན་བཟང་ལས་འབྱུང་བའི་ཤེས་རབ་ཀྱིས་ཁོང་གིས་ཁོ་རྣམས་ལ་དག་པའི་སྤྱོད་ལམ་དང་བྱམས་པ་ཡིས་མཉམ་དུ་གནས་དགོས་པའི་བཀའ་གནང༌། ཁོང་གིས་“དད་པ་དང༌། རེ་བ། བྱམས་པ་གསུམ་པོ་གནས་ཡོད་ཀྱང༌། དེ་ཚོའི་ནང་ནས་མཆོག་ཏུ་གྱུར་བ་ནི་བྱམས་པའོ་”ཞེས་བྲིས།
ལེའུ་དང་པོ།
འཚམས་འདྲི་ཞུ་བ།
1 དཀོན་མཆོག་གི་དགོངས་པ་བཞིན་དུ་མཱ་ཤི་ཀ་ཡེ་ཤུའི་སྐུ་ཚབ་ཏུ་བསྐོས་པ་ང་པའུ་ལུ་དང༌། ངེད་ཀྱི་སྤུན་ཟླ་སོ་ཐེ་ནཱེ་ཡིས་
2 ཀོ་རིན་ཐུ་གྲོང་ཁྱེར་ལ་ཡོད་པའི་དཀོན་མཆོག་གི་ཆོས་ཚོགས། མཱ་ཤི་ཀ་ཡེ་ཤུའི་ཐོག་ནས་དཀོན་མཆོག་གིས་དམ་པར་འགྱུར་ཕྱིར་བོས་པ་རྣམས་དང༌། ཁོ་ཚོ་དང་ངེད་རྣམས་ཀྱི་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་མཚན་བརྗོད་མཁན་གང་དུ་གནས་པ་ཐམས་ཅད་ལ།
3 ང་ཚོའི་ཡབ་དཀོན་མཆོག་དང་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་ནས་ཐུགས་རྗེ་དང་ཞི་བདེ་ཁྱེད་ལ་འཐོབ་པར་གྱུར་ཅིག
4 མཱ་ཤི་ཀ་ཡེ་ཤུའི་སྒོ་ནས་ཁྱེད་ཚོར་གནང་བའི་ཐུགས་རྗེའི་རྐྱེན་གྱིས་ངས་ངའི་དཀོན་མཆོག་ལ་ཁྱེད་ཀྱི་དོན་ལ་རྒྱུན་དུ་བཀའ་དྲིན་ཆེ་ཞུ།
5 མཱ་ཤི་ཀ་ཡིས་ཁྱེད་ཚོར་གཏམ་དང་ཤེས་རབ་རྣམ་པ་ཀུན་ནས་བྱིན་རླབས་ལྷག་པར་གནང་བས།
6 ཁྱེད་ཀྱི་ཁྲོད་དུ་མཱ་ཤི་ཀའི་སྐོར་གྱི་དཔང་པོ་དེ་བདེན་པ་ཡིན་པ་ར་སྤྲོད་བྱས།
7 དེའི་ཕྱིར་ང་ཚོའི་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་མངོན་སུམ་དུ་འབྱོན་པར་རེ་སྒུག་བྱེད་དུས་ཁྱེད་ཚོ་ལ་ཐུགས་ཉིད་ཀྱི་གནང་སྦྱིན་དགོས་པ་ཅིའང་མེད།
8 ང་ཚོའི་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་ཡང་བསྐྱར་འབྱོན་པའི་ཉིན་མོར་ཁྱེད་ཚོ་སྐྱོན་མེད་པ་ཡིན་པའི་ཆེད་དུ་ཁོང་གིས་ཁྱེད་རྣམས་མཐའ་མཇུག་བར་དུ་བརྟན་པོར་གནས་པར་འགྱུར།
9 ཁོང་གི་སྲས་ཏེ་ངེད་རྣམས་ཀྱི་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་དང་འགྲོགས་པའི་ཕྱིར་ཁྱེད་ཚོ་འབོད་པ་གནང་མཁན་དཀོན་མཆོག་ནི་བློ་གཏད་ཆོག་པ་ཡིན་ནོ། །
ཆོས་ཚོགས་ནང་ཡིད་མཐུན་པར་བྱེད་དགོས།
10 སྤུན་ཟླ་རྣམས། ཁྱེད་ཚོ་བློ་སེམས་གཅིག་མཐུན་ཡོང་བའི་ཆེད་དང༌། ཁྱེད་ཚོའི་ནང་ནས་ལྟ་བ་མི་མཐུན་པ་མི་ཡོང་བའི་ཕྱིར། ངེད་རྣམས་ཀྱི་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་མཚན་གྱི་ཐོག་ནས་ཁྱེད་ཚོ་ཐམས་ཅད་ཡིད་མཐུན་པར་འགྱུར་བ་ངས་ཁྱེད་ཚོར་སྐུལ།
11 སྤུན་ཟླ་རྣམས། ཁྱེད་ཚོའི་ཁྲོད་དུ་འཐབ་རྩོད་ཡོད་པ་ཁ་ལཱོའི་ཁྱིམ་མིས་ང་ལ་བཤད་བྱུང༌།
12 ངས་འདི་ལྟར་བཤད་པའི་དོན་ནི་ཁྱེད་ཚོའི་ནང་ནས་ཁག་གཅིག་གིས་ང་པའུ་ལུའི་ཕྱོགས་དང༌། ཡང་ཁག་གཅིག་གིས་ང་ཨ་པོ་ལོ་སི་ཡང་ན། ཀེ་ཕཱ། ཁག་གཅིག་གིས་ང་མཱ་ཤི་ཀའི་ཕྱོགས་ཡིན་ཞེས་ཟེར།
13 མཱ་ཤི་ཀ་གྱེས་པ་ཡིན་ནམ། པའུ་ལུ་ཁྱེད་ཀྱི་དོན་ལ་རྒྱང་ཤིང་སྒང་ལ་བརྒྱངས་པ་ཡིན་ནམ། ཡང་ན་པའུ་ལུའི་མིང་གི་ཐོག་ནས་ཁྲུས་གསོལ་ལེན་པ་ཡིན་ནམ།
14-15 སུས་ཀྱང་ངའི་མིང་གི་ཐོག་ནས་ཁྲུས་གསོལ་ལེན་མི་ཞེས་ཟེར་བའི་ཕྱིར། ངས་ཀ་རི་སི་པཱུ་དང་ག་ཡུ་མ་གཏོགས་ཁྱེད་ཚོའི་ནང་ནས་མི་སུ་ཞིག་ལ་ཡང་ཁྲུས་གསོལ་མ་བྱས་པས་ངས་དཀོན་མཆོག་ལ་བཀའ་དྲིན་ཆེ་ཞུ།
16 (ངས་སེ་ཏེ་ཕ་ནཱ་ཡི་ཁྱིམ་མི་ལའང་ཁྲུས་གསོལ་བྱས། དེ་མིན་ངས་མི་གཞན་ལ་ཁྲུས་གསོལ་བྱས་ཡོད་མེད་གསལ་པོ་མི་དྲན་)
17 གང་ཡིན་ཟེར་ན། མཱ་ཤི་ཀ་ཡིས་ང་ཁྲུས་གསོལ་བྱེད་པར་མ་མངགས་ཀྱིས། འཕྲིན་བཟང་སྒྲོག་པར་མངགས། ཡང་མཱ་ཤི་ཀའི་རྒྱང་ཤིང་དོན་མེད་པར་མི་འགྱུར་བའི་ཕྱིར། དེ་ནི་མིའི་ངག་ཐོག་གི་ཤེས་རབ་མིན།
མཱ་ཤི་ཀ་ནི་དཀོན་མཆོག་གི་ནུས་མཐུ་དང་མཁྱེན་རབ་ཡིན།
18 འཇིག་པར་འགྱུར་བ་རྣམས་ཀྱིས་རྒྱང་ཤིང་གི་བསྟན་པ་དེ་བླུན་རྟགས་སུ་རྩི། འོན་ཀྱང་ཐར་བར་འགྱུར་བ་ངེད་རྣམས་ཀྱིས་དཀོན་མཆོག་གི་ནུས་མཐུར་རྩི།
19 གསུང་རབ་ཀྱི་མདོ་ལས།
མཁས་པའི་ཤེས་རབ་ང་ཡིས་མེད་པར་བྱ། །
བློ་ལྡན་བློ་གྲོས་ང་ཡིས་དོར་བར་བྱ། །
ཞེས་འཁོད།
20 ཤེས་རབ་ཅན་དང༌། ཆོས་ཁྲིམས་ལ་མཁས་པའི་མི། དུས་འདིའི་རྩོད་གླེང་བྱེད་མཁན་གང་དུ་ཡོད། དཀོན་མཆོག་གིས་འཇིག་རྟེན་འདིའི་ཤེས་རབ་བླུན་པར་མ་མཛད་དམ།
21 དཀོན་མཆོག་གི་མཁྱེན་རབ་ཀྱི་དགོངས་འཆར་བཞིན་དུ། འཇིག་རྟེན་པས་རང་གི་རིག་པའི་སྒོ་ནས་དཀོན་མཆོག་ངོ་མ་ཤེས། དེའི་ཕྱིར་ངེད་རྣམས་ཀྱིས་བླུན་པ་ཞེས་ཟེར་བའི་འཕྲིན་སྒྲོག་པའི་སྒོ་ནས་དཀོན་མཆོག་གིས་དད་ལྡན་རྣམས་ཐར་དུ་འཇུག་པར་དགོངས།
22 ཡ་ཧུ་དཱ་པ་རྣམས་ཀྱིས་ངོ་མཚར་བའི་རྟགས་འདོད་ཅིང༌། གྷི་རིག་པ་རྣམས་ཀྱིས་ཤེས་རབ་འཚོལ་ཡང༌།
23 ངེད་རྣམས་ཀྱིས་རྒྱང་ཤིང་སྒང་ལ་བསད་པའི་མཱ་ཤི་ཀའི་བསྟན་པ་སྒྲོག དེ་ནི་ཡ་ཧུ་དཱ་པ་རྣམས་ཀྱིས་འགག་རྡོ་དང༌། ཡ་ཧུ་དཱ་མིན་པ་རྣམས་ཀྱིས་བླུན་པར་རྩི།
24 འོན་ཀྱང་དཀོན་མཆོག་གིས་བོས་པ་རྣམས་ཏེ་ཡ་ཧུ་དཱ་པ་དང་ཡ་ཧུ་དཱ་པ་མིན་པ་རྣམས་ཀྱི་དོན་དུ་མཱ་ཤི་ཀ་ནི་དཀོན་མཆོག་གི་ནུས་མཐུ་དང་མཁྱེན་རབ་ཡིན་ནོ།
25 གང་ཡིན་ཞེ་ན། མི་རྣམས་ཀྱི་ཆ་ནས་དཀོན་མཆོག་གི་བླུན་པ་དེ་མིའི་ཤེས་རབ་ལས་ཁྱད་དུ་འཕགས་པ་དང༌། དེ་བཞིན་མི་རྣམས་ཀྱི་ཆ་ནས་དཀོན་མཆོག་གི་སྟོབས་ཞན་པ་དེ་མིའི་སྟོབས་ལས་ལྷག་པར་ཆེ།
26 སྤུན་ཟླ་རྣམས། དཀོན་མཆོག་གིས་ཁྱེད་ཚོ་འབོད་དུས་གང་ཡིན་པ་དྲན་པར་གྱིས་ཤིག འཇིག་རྟེན་འདིའི་ཆ་ནས་ཁྱེད་ཚོའི་ནང་ནས་མཁས་པ་མང་པོ་མེད། དབང་ལྡན་མང་པོ་མེད། སྐུ་དྲག་མང་པོ་མེད་ཀྱང༌།
27 ཤེས་རབ་ཅན་ལ་ངོ་ཚ་འབེབས་པའི་ཆེད་དུ་དཀོན་མཆོག་གིས་འཇིག་རྟེན་གྱི་བླུན་པོ་བདམས་ཤིང༌། སྟོབས་ཅན་རྣམས་ལ་ངོ་ཚ་འབེབས་པའི་ཆེད་དུ་འཇིག་རྟེན་གྱི་ཞན་པོ་བདམས།
28 འཇིག་རྟེན་པས་གང་གལ་ཆེ་བར་རྩི་བ་དེ་སྟོང་པ་ཡིན་པ་མཛད་པའི་ཕྱིར། དཀོན་མཆོག་གིས་འཇིག་རྟེན་པས་གང་དམན་པ་དང་མཐོང་ཆུང་གི་ཡུལ་ཡོད་པ་སྟེ། གང་ཡང་མེད་པར་རྩི་བའང་དེ་བདམས་པར་མཛད།
29 དེ་ནི་དཀོན་མཆོག་གི་དྲུང་དུ་སུས་ཀྱང་རང་བསྟོད་བྱེད་མི་ཐུབ་པའི་ཆེད་དུ་ཡིན།
30 ཁོང་གི་རྐྱེན་གྱིས་ཁྱེད་ཚོ་མཱ་ཤི་ཀ་ཡེ་ཤུའི་ནང་ན་ཡོད། མཱ་ཤི་ཀ་ནི་ང་ཚོའི་དོན་ལ་དཀོན་མཆོག་ནས་ང་ཚོའི་ཤེས་རབ་དང་དྲང་བདེན་ཉིད། ང་ཚོའི་དམ་པ་དང་ཐར་ལམ་བཅས་སུ་གྱུར།
31 སུ་ཞིག་གིས་བསྟོད་པ་ཕུལ་འདོད་ན་གཙོ་བོས་གང་མཛད་པ་དེ་བསྟོད་པར་བྱོས་ཤིག་ཅེས་པའི་མདོ་འགྲུབ་པའི་ཆེད་དུ་ཡིན་ནོ། །