༄༅། །པའུ་ལུ་ཡིས་ཀོ་རིན་ཐུ་པར་བྲིས་པའི་འཕྲིན་ཡིག་གཉིས་པ་བཞུགས་སོ། །
འགོ་བརྗོད།
རྩོམ་པ་པོ། སྐུ་ཚབ་པའུ་ལུ།
རྩོམ་དུས། སྤྱི་ལོ་55-57 བར་ཙམ་ལ་འཕྲིན་ཡིག་འདི་བྲིས། (ལོ་རྒྱུས་དོན་ཆེན་རེའུ་མིག་ལ་གཟིགས་)
རྩོམ་རིག་གི་རྣམ་གྲངས། འཕྲིན་ཡིག
ཐོག་མའི་ཀློག་མཁན། ཀོ་རིན་ཐུ་གྲོང་ཁྱེར་ལ་སྡོད་མཁན་མཱ་ཤི་ཀ་པ་རྣམས། (གནའ་རབས་ཀྱི་ཀོ་རིན་ཐུ་གྲོང་ཁྱེར་གྱི་གནའ་ཤུལ་ནི་དེང་སྐབས་ཀྱི་གྷི་རིག་རྒྱལ་ཁབ་ཀྱི་ལྷོ་ཕྱོགས་སུ་ཡོད་)
ནང་དོན་གཙོ་བོ། སྐུ་ཚབ་པའུ་ལུ་ཡིས་ཀོ་རིན་ཐུ་གྲོང་ཁྱེར་གྱི་ཆོས་ཚོགས་བཙུགས་ཀྱང༌། དེར་ཡོད་པའི་མཱ་ཤི་ཀ་པ་ཁ་ཤས་ཀྱིས་དཀོན་མཆོག་གི་བཀའ་ལ་མ་ཉན་པར་གྱུར། ཁོང་གིས་བཀའ་ལ་མ་ཉན་པ་རྣམས་ལ་བཀའ་བཀྱོན་གཏོང་བའི་ཆེད་དུ་འཕྲིན་ཡིག་ཅིག་བྲིས་ནས། ཁོ་ཚོའི་གནས་ཚུལ་གང་ཡིན་པ་དཔྱད་པའི་ཕྱིར་སྐུ་ཚབ་པའུ་ལུ་ཡིས་ཁོང་གི་ལས་རོགས་ཐེ་ཏུ་ཀོ་རིན་ཐུ་གྲོང་ཁྱེར་ལ་བཏང༌། ཐེ་ཏུ་སྐུ་ཚབ་པའུ་ལུའི་སར་ལོག་སྐབས་ཁོས་སྐུ་ཚབ་པའུ་ལུ་ལ་ཀོ་རིན་ཐུ་པ་རྣམས་ཀྱི་ནང་ནས་མི་ཁ་ཤས་ཀྱིས་སྤྱོད་པ་ངན་པ་རྣམས་སྤངས་ནས་སེམས་བསྒྱུར་ཡང༌། ཁ་ཤས་ཀྱིས་སྐུ་ཚབ་པའུ་ལུ་ལ་ཁོང་ཁྲོ་སྐྱེས་ཏེ་ཁོང་གི་དབང་ཆ་དོར་བར་བཤད། མི་ཁ་ཤས་ཀྱི་སྤྱོད་པ་ངན་པ་སྤངས་པ་ཐོས་ནས་སྐུ་ཚབ་པའུ་ལུ་སེམས་དགའ་བར་གྱུར་ཡང༌། ཁོང་གི་དབང་ཆ་དོར་མཁན་གྱི་སྐོར་སེམས་ཁྲལ་ཡོད། ཁོང་གིས་ཁོ་རྣམས་ལ་དད་པའི་ཐོག་ནས་བརྩེ་བར་འཛིན་པ་དང༌། ཁོ་རྣམས་དང་སྡུམ་པར་མ་འགྱུར་བའི་བར་དུ་ཁོང་སེམས་ཤིན་ཏུ་འཚབས་པ་ཤོད་པའི་ཆེད་དུ་འཕྲིན་ཡིག་འདི་བྲིས། ཁོང་གིས་བྲིས་པ་ལྟར་“མི་རྣམས་ཀྱི་སྡིག་ཉེས་མི་རྩི་བར། དཀོན་མཆོག་གིས་མཱ་ཤི་ཀའི་སྒོ་ནས་འཇིག་རྟེན་པ་ཁོང་རང་དང་བར་སྡུམ་མཛད་ཅིང༌། སྡུམ་པའི་འཕྲིན་དེ་ང་ཚོ་ལ་གཏད་བྱུང་”ཞེས་གསུངས།
ལེའུ་དང་པོ།
འཚམས་འདྲི་ཞུ་བ།
1 དཀོན་མཆོག་གི་དགོངས་པ་བཞིན་དུ་མཱ་ཤི་ཀ་ཡེ་ཤུའི་སྐུ་ཚབ་ང་པའུ་ལུ་དང༌། ངེད་ཀྱི་སྤུན་ཟླ་ཐི་མོ་ཐེ་གཉིས་ཀྱིས་ཀོ་རིན་ཐུ་གྲོང་ཁྱེར་ལ་ཡོད་པའི་དཀོན་མཆོག་གི་ཆོས་ཚོགས་དང༌། ཨ་ཀ་ཡཱ་ཡུལ་ཕྱོགས་ཀུན་ཏུ་ཡོད་པའི་དཀོན་མཆོག་གི་མི་ཐམས་ཅད་ལ་འཕྲིན་ཡིག་འདི་ཕུལ་ལོ།
2 ང་ཚོའི་ཡབ་དཀོན་མཆོག་དང་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་ནས་ཐུགས་རྗེ་དང་ཞི་བདེ་ཁྱེད་རྣམས་ལ་འཐོབ་པར་གྱུར་ཅིག
དཀོན་མཆོག་ལ་བསྟོད་པ་འབུལ་བ།
3 ངེད་རྣམས་ཀྱི་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་ཡབ་དཀོན་མཆོག་ལ་བསྟོད་པ་ཡོང་བར་ཤོག ཐུགས་རྗེའི་ཡབ་དང་སེམས་གསོ་གནང་བའི་དཀོན་མཆོག་ཡིན་ཏེ།
4 ཁོང་གིས་ངེད་རྣམས་ཀྱི་སྡུག་བསྔལ་ཐམས་ཅད་ལ་སེམས་གསོ་མཛད། དེ་ནི་དཀོན་མཆོག་གིས་ང་ཚོ་ལ་གནང་བའི་སེམས་གསོ་འདི་བཞིན་ང་ཚོས་ཀྱང་སྡུག་བསྔལ་གང་ཡང་མྱོང་བའི་མི་རྣམས་ལ་སེམས་གསོ་གཏོང་ཐུབ་པའི་ཆེད་དུ་ཡིན།
5 གང་ཡིན་ཟེར་ན། ང་ཚོས་མཱ་ཤི་ཀའི་སྡུག་བསྔལ་ག་ཚོད་ཀྱི་མང་བ་མྱོང་བ། དེ་ཙམ་གྱིས་མཱ་ཤི་ཀ་ནས་ང་ཚོས་སེམས་གསོའང་མྱོང༌།
6 ང་ཚོས་སྡུག་བསྔལ་མྱོང་བ་ནི། ཁྱེད་ཚོ་ལ་སེམས་གསོ་དང་ཐར་པའི་ཆེད་དུ་ཡིན། ང་ཚོས་སེམས་གསོ་མྱོང་བ་དེའང་ཁྱེད་ཚོའི་སེམས་བདེ་བའི་ཆེད་དུ་ཡིན། སེམས་གསོ་འདིས་ཁྱེད་ཚོས་ང་ཚོས་མྱོང་བའི་སྡུག་བསྔལ་དེ་འདྲ་བཟོད་ཐུབ།
7 ཡང་ཁྱེད་ཚོས་ང་ཚོའི་སྡུག་བསྔལ་མཉམ་དུ་མྱོང་བ་ལྟར་ང་ཚོའི་སེམས་གསོ་ཡང་མཉམ་དུ་ཐོབ་པར་ཤེས་པས། ང་ཚོས་ཁྱེད་ཚོའི་ཕྱིར་རེ་བ་བརྟན་པོ་བཅངས་ཡོད།
8 སྤུན་ཟླ་རྣམས། ང་ཚོ་ལ་ཨེ་ཞེ་ཡཱ་ཡུལ་དུ་བྱུང་བའི་སྡུག་བསྔལ་ཁྱེད་ཚོས་ཤེས་དགོས། ང་ཚོ་ཚད་ལས་བརྒལ་བའི་དཀའ་སྡུག་གིས་མནར་ནས་བཟོད་ཐབས་མེད་པར་གྱུར་བས་གསོན་པོར་ལུས་པའི་རེ་བའང་ཟད།
9 ང་ཚོས་འཆི་ངེས་སྙམ། འོན་ཀྱང་དེ་ནི་ང་ཚོས་རང་ལ་མིན་ཏེ་གཤིན་པོ་རྣམས་ལ་སླར་གསོན་པོར་མཛད་མཁན་དཀོན་མཆོག་ལ་བློ་གཏད་བྱེད་པའི་ཆེད་དུ་ཡིན།
10 དེ་ལྟར་གྱི་འཆི་ཉེན་ལས་ཐར་བར་མཛད་མཁན་གྱིས་ང་ཚོར་སྐྱོབ་པར་འགྱུར་ངེས་ཡིན་ཞིང༌། ཁོང་གིས་ང་ཚོ་ཡང་བསྐྱར་སྐྱོབ་པ་དེར་ང་ཚོས་ཡིད་རྟོན་ནས་རེ་བ་བྱེད།
11 ཁྱེད་ཚོས་ཀྱང་གསོལ་སྨོན་འདེབས་པའི་སྒོ་ནས་ང་ཚོར་རོགས་པ་གནང་སྟེ། སྨོན་ལམ་མང་པོའི་ཐོག་ནས་ང་ཚོར་གནང་བའི་བྱིན་རླབས་ཀྱི་དོན་ལ་མི་མང་པོས་བཀའ་དྲིན་ཆེ་ཞུ་བར་འགྱུར།
པའུ་ལུའི་འཆར་གཞི་འགྱུར་བའི་སྐོར།
12 ང་ཚོས་འཇིག་རྟེན་པ་དང༌། ལྷག་པར་དུ་ཁྱེད་རྣམས་ཀྱི་ཁྲོད་དུ་འཇིག་རྟེན་པའི་ཤེས་རབ་ཀྱི་སྒོ་ནས་མིན་པར། དཀོན་མཆོག་གི་ཐུགས་རྗེའི་ཐོག་ནས་དྭངས་གཙང་དང་ལྷད་མེད་ཀྱིས་སྤྱོད་ལམ་བྱས། དེར་ང་ཚོའི་དྲང་སེམས་ཀྱི་དཔང་པོ་བྱེད། དེ་ནི་ང་ཚོའི་སྤོབས་པ་ཡིན།
13-14 ཡང་ཁྱེད་ཚོས་ཀློག་པ་དང་རྟོགས་ཐུབ་པ་དེ་ལས་ང་ཚོས་ཁྱེད་རྣམས་ལ་གཞན་ཅིའང་མི་འབྲི། ཁྱེད་ཚོས་ཆ་ཤས་ཙམ་གྱིས་གོ་བ་ལྟར་ཆ་ཚང་པོར་གོ་བའི་རེ་བ་ཡོད། དེ་ནས་གཙོ་བོ་ཡེ་ཤུ་ཡང་བསྐྱར་འབྱོན་པའི་ཉིན་མོར་ཁྱེད་ཚོ་ནི་ང་ཚོའི་སྤོབས་པའི་རྒྱུ་རྐྱེན་དང༌། ང་ཚོ་ཡང་ཁྱེད་ཚོའི་སྤོབས་པའི་རྒྱུ་རྐྱེན་ཡིན་པར་འགྱུར།
15 དེ་ངེས་པར་དུ་ཤེས་པས་ཁྱེད་རྣམས་ལ་བྱིན་རླབས་ཐེངས་གཉིས་འཐོབ་པའི་ཆེད་དུ་ངས་ཁྱེད་ཀྱི་རྩར་སྔོན་ལ་ཡོང་བའི་འཆར་གཞི་ཡོད།
16 མ་ཀེ་དོན་ཡཱ་ཡུལ་དུ་འགྲོ་བའི་ཞོར་ལ་ངས་ཁྱེད་ཀྱི་རྩར་ཡོང་བ་དང༌། མ་ཀེ་དོན་ཡཱ་ཡུལ་ནས་ཕྱིར་ལོག་དུས་ཁྱེད་ཀྱིས་ང་ཡ་ཧུ་དཱ་ཡུལ་གྱི་ལམ་དུ་སྐྱེལ་བར་བསམས།
17 དེ་ལྟར་བསམས་དུས་ངས་བློ་རྩེ་གཉིས་བྱས་པ་ཡིན་ནམ། ཡང་ན་དུས་གཅིག་ལ་ཡིན་དང་མིན་ཟེར་བའི་འཇིག་རྟེན་འདིའི་མི་དང་འདྲ་བ་ངས་འཆར་གཞི་བཟོའམ།
18 འོན་ཀྱང་དཀོན་མཆོག་ཐུགས་གཏད་ཆོག་པ་ཡིན་པ་ལྟར་ང་ཚོས་ཁྱེད་རྣམས་ལ་ཡིན་དང་མིན་གྱི་གཏམ་མ་བཤད།
19 ང་དང༌། སིལ་ཝ་ནུ། ཐི་མོ་ཐེ་གསུམ་གྱིས་ཁྱེད་ཚོར་བསྒྲགས་པའི་དཀོན་མཆོག་གི་སྲས་ཡེ་ཤུ་མཱ་ཤི་ཀ་ནི་ཡིན་དང་མིན་མ་ཡིན། ཁོང་རྟག་ཏུ་ཡིན་ཁོ་ན་ཡིན་ནོ།
20 གང་ཡིན་ཞེ་ན། ཁོང་གི་སྒོ་ནས་དཀོན་མཆོག་གི་ཞལ་ཆད་རེ་རེ་འགྲུབ། དེའི་ཕྱིར་དཀོན་མཆོག་གི་གཟི་བརྗིད་ཀྱི་ཆེད་དུ་ཁོང་བརྒྱུད་ནས་ང་ཚོས་ཨ་མེན་ཞེས་བརྗོད།
21 ངེད་དང་ཁྱེད་ཚོ་གཉིས་མཱ་ཤི་ཀའི་ནང་ན་བརྟན་པོར་གནས་པར་མཛད་མཁན་ནི་དཀོན་མཆོག་ཡིན། ཁོང་གིས་ང་ཚོ་བསྐོས་ཏེ།
22 རྒྱ་ཡིས་བཏབ་ཅིང༌། དམ་པའི་ཐུགས་ཉིད་འགན་ལེན་ལྟར་ངེད་རྣམས་ཀྱི་སེམས་ལ་བཞག་པར་མཛད།
23 ང་ཀོ་རིན་ཐུ་གྲོང་ཁྱེར་ལ་ཕྱིར་མ་ལོག་པའི་རྒྱུ་རྐྱེན་ནི་ཁྱེད་ཚོར་བཀའ་བཀྱོན་མི་འཕོག་པའི་ཆེད་དུ་ངས་དཀོན་མཆོག་དཔང་དུ་བཙུགས་པ་ཡིན།
24 ངེད་རྣམས་ཀྱིས་ཁྱེད་ཚོའི་དད་པ་ལ་བཙན་ཤེད་མི་བྱེད་ཀྱི། ཁྱེད་ཚོ་དགའ་སྤྲོ་ཡོང་བའི་ཆེད་དུ་ང་ཚོ་ཁྱེད་ཀྱི་ལས་གྲོགས་ཡིན། གང་ལགས་ཟེར་ན། དད་པའི་སྒོ་ནས་ཁྱེད་ཚོ་བརྟན་པོར་གནས་པས་སོ། །