ལེའུ་བཅུ་གཉིས་པ།
པའུ་ལུའི་ཞལ་གཟིགས་རྣམས།
1 ངས་རང་བསྟོད་བྱེད་པ་ཕན་མེད་ཡིན་ཡང་དེ་འདྲ་མ་བྱེད་ཐབས་མེད་ཡིན། ངས་མུ་མཐུད་གཙོ་བོས་གནང་བའི་ཞལ་གཟིགས་དང་མངོན་དུ་བྱུང་བའི་སྐོར་བཤད་རྒྱུར།
2 ལོ་བཅུ་བཞིའི་སྔོན་དུ་དཀོན་མཆོག་གི་ཞིང་ཁམས་གསུམ་པར་མྱུར་དུ་ཡར་ཁྲིད་པའི་མཱ་ཤི་ཀ་ལ་དད་ལྡན་པ་ཞིག་ཡོད་པ་ངས་ངོ་ཤེས། ཁོ་ལུས་དང་ལྡན་ནམ་ཡང་ན་མི་ལྡན་པར་ཡར་ཁྲིད་པ་ངས་མི་ཤེས་དེ་དཀོན་མཆོག་གིས་མཁྱེན།
3-4 ཡང་མི་དེ་དཀོན་མཆོག་གི་ཞིང་ཁམས་སུ་མྱུར་དུ་ཡར་ཁྲིད་ནས་མི་ཡིས་རྗོད་མི་ཆོག་པ་དང་སྨྲ་མི་སྲིད་པའི་གསུང་ཐོས་པ་ངས་ཤེས། དེ་ནི་ལུས་དང་བཅས་སམ་ལུས་དང་བྲལ་བར་བྱུང་ངས་མི་ཤེས་ཏེ་དཀོན་མཆོག་གིས་མཁྱེན།
5 མི་འདི་ལྟ་བུའི་ཆེད་དུ་ངས་བསྟོད་པར་བྱེད། འོན་ཏེ་ང་རང་ལ་སྟོབས་ཞན་པ་ཕུད་རང་བསྟོད་མི་བྱེད།
6 ངས་རང་བསྟོད་བྱེད་འདོད་ནའང་ང་གླེན་པ་མིན། གང་ཡིན་ཞེ་ན། ངས་བདེན་པར་སྨྲའོ། འོན་ཀྱང་མི་སུ་ཞིག་གིས་ངའི་སྤྱོད་ལམ་མཐོང་བའམ་ངའི་ཁ་ནས་གང་ཐོས་པ་དེ་ལས་ལྷག་པར་མི་རྩི་བའི་ཕྱིར་ངས་དེ་ལྟར་མི་བྱེད།
7 ཡང་ངར་མངོན་དུ་བྱུང་བ་དེ་ཤིན་ཏུ་ཆེ་བས་ང་རྒྱལ་མི་སྐྱེ་བའི་ཕྱིར། ང་ལ་མནར་གཅོད་བྱེད་པར་ངའི་ལུས་ནང་ལ་ཚེར་མ་ཞིག་གནང་བྱུང་བ་དེ་ནི་བདུད་སཱ་ཏན་གྱི་ཕོ་ཉ་ཞིག་ཡིན།
8 དེ་ལས་འབྲལ་བའི་ཕྱིར་ངས་གཙོ་བོ་ལ་ཞུ་བ་ཆེན་པོ་ཐེངས་གསུམ་ཕུལ་ཡང༌།
9 ཁོང་གིས་ང་ལ་ངའི་ཐུགས་རྗེ་ཁྱོད་ལ་འདང་ངེས་ཡོད། གང་ལགས་ཟེར་ན། ངའི་ནུས་མཐུ་སྟོབས་ཞན་པའི་དུས་ལ་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་གསུངས། དེའི་ཕྱིར་ངས་ངའི་ཞན་ཆའི་ཐད་ལ་དེ་བས་སྤོབས་པ་བྱེད། དེ་ནས་མཱ་ཤི་ཀའི་ནུས་མཐུ་ང་ལ་གནས་པར་འགྱུར།
10 དེ་བས་ན་མཱ་ཤི་ཀའི་དོན་དུ་ཞན་པ་དང༌། དམའ་འབེབས། དཀའ་ངལ། མནར་གཅོད། རྐྱེན་ངན་སོགས་ལ་ངས་དགའ་བའི་ངང་ནས་བཟོད་པར་བྱེད། གང་ལགས་ཤེ་ན། ང་ཞན་པའི་ཚེ་དེ་དུས་སྟོབས་དང་ལྡན་ནོ། །
པའུ་ལུས་ཀོ་རིན་ཐུ་པ་རྣམས་ལ་སེམས་ཁུར་བྱེད་པ།
11 ང་ལྐུགས་པར་གྱུར། དེ་ནི་ཁྱོད་ཚོས་ང་དེ་ལྟར་བཟོས། ཁྱོད་ཚོས་ང་ལ་སྔར་ནས་བསྟོད་འོས་པ་ཡིན། གང་ལགས་ཟེར་ན། ང་ནི་ཅིའང་མ་ཡིན་ཡང་སྐུ་ཚབ་མཆོག་ཏུ་གྱུར་བ་ཟེར་མཁན་རྣམས་ལས་དམའ་བ་རྩ་བ་ནས་མེད།
12 རྟགས་དང༌། ངོ་མཚར་བའི་དོན། ནུས་མཐུ་ལྡན་པའི་ལས་ཀ་སྟེ་སྐུ་ཚབ་དངོས་ཀྱི་རྟགས་ནི་ཁྱོད་ཚོའི་ཁྲོད་དུ་བཟོད་པ་ཆེན་པོས་བསྒྲུབས་པར་གྱུར།
13 ཁྱོད་ཚོ་ཆོས་ཚོགས་གཞན་ལས་ཅི་ལྟར་དམའ་བར་རྩིས་པ་ཡིན། ངས་བྱས་པ་ནི་ཁྱོད་ཚོར་ཁུར་པོ་མ་བཟོས་པ་དེ་ཡིན། ནོར་འཁྲུལ་དེར་དགོངས་དག་ཞུ་རྒྱུ་ཡིན།
14 ད་ཐེངས་གསུམ་པར་ཁྱོད་ཚོའི་རྩར་ཡོང་བའི་གྲ་སྒྲིག་ཡོད། ངས་ཁྱོད་ཚོར་ཁུར་པོ་མི་བཟོ། གང་ཡིན་ཞེ་ན། ངས་ཁྱོད་ཀྱི་ནོར་མི་འཚོལ་གྱི། ཁྱོད་རང་འཚོལ། ཕྲུ་གུས་ཕ་མའི་དོན་ལ་མ་ཡིན་གྱི། ཕ་མས་ཕྲུ་གུའི་ཆེད་དུ་དངུལ་གསོག་དགོས་པས་སོ།
15 ཁྱོད་ཚོའི་ཕྱིར་ནོར་མ་ཟད་ང་རང་ཡང་སྦྱིན་པར་དགའོ། ངས་ཁྱོད་ཚོར་ལྷག་པར་གཅེས་པར་བཟུང་ན། ཁྱོད་ཚོས་ང་ལ་ཉུང་ངུ་གཅེས་པར་འཛིན་ནམ།
16 གང་ལྟར་ངས་ཁྱོད་ཚོར་ཁུར་པོ་མ་བཟོས། འོན་ཀྱང་ཁྱོད་ཚོའི་ནང་ནས་ཁ་ཤས་ཀྱིས་ང་གཡོ་སྒྱུ་ཅན་ཡིན་ཞིང༌། གཡོ་ཐབས་ཀྱིས་ཁྱོད་ཚོར་མགོ་སྐོར་བཏང་བར་བརྗོད།
17 ངས་ཁྱོད་ཚོའི་རྩར་མི་སུ་ཞིག་བཏང་ནས་ཁྱོད་ཚོར་བཤུ་གཞོག་བཏང་བ་ཡིན་ནམ།
18 ངས་ཐེ་ཏུ་ལ་བསྐུལ་ནས་སྤུན་ཟླ་ཞིག་དང་མཉམ་དུ་བཏང༌། ཐེ་ཏུ་ཡིས་ཁྱོད་ཚོར་བཤུ་གཞོག་བཏང་ངམ། ང་ཚོ་གཉིས་བློ་སེམས་གཅིག་མཐུན་ནས་སྤྱོད་ལམ་མ་མཐུན་ནམ།
19 ད་ལྟའི་བར་དུ་ང་ཚོས་ཁྱོད་རྣམས་ལ་ང་ཚོ་ཉེས་སྐྱོན་མེད་པའི་སྐོར་གསལ་བཤད་བྱས་པར་སེམས་སམ། མ་ཡིན་ཏེ། མཱ་ཤི་ཀའི་སྒོ་ནས་དཀོན་མཆོག་གི་སྤྱན་སྔར་ང་ཚོས་སྨྲའོ། གཅེས་པ་རྣམས། ང་ཚོས་གང་བྱེད་པ་ཐམས་ཅད་ཁྱོད་ཚོར་ཡར་རྒྱས་ཡོང་བའི་ཆེད་དུ་ཡིན།
20 ང་དེར་སླེབས་ནས་ཁྱོད་ཚོ་ནི་ངའི་འདོད་པ་བཞིན་དུ་མེད་པ་དང༌། ཁྱོད་ཚོའི་འདོད་པ་བཞིན་དུ་ངའང་མེད་པར་མཐོང་བ་དང༌། ཁྱོད་ཚོའི་ནང་ནས་ཁ་རྩོད་དང༌། ཕྲག་དོག ཁོང་ཁྲོ། མི་མཐུན་པའི་ཕྱོགས་ཁག དམའ་འབེབས་གཏོང་བ། གཏམ་ངན། ང་རྒྱལ། སྒྲིག་ལམ་མེད་པ་བཅས་ཡོད་པར་འཇིགས།
21 དེར་ཡང་བསྐྱར་སླེབས་ནས་ཁྱོད་ཚོའི་དྲུང་དུ་ངའི་དཀོན་མཆོག་གིས་ང་ལ་དམའ་བར་མཛད་པའི་འཇིགས་པ་དང༌། མི་མང་པོས་སྔར་བྱས་པའི་མི་གཙང་བ་དང༌། ལོག་གཡེམ། འདོད་ཆགས་བཅས་པའི་སྡིག་ཉེས་མ་སྤངས་པའི་རྐྱེན་གྱིས་ང་མྱ་ངན་བྱེད་དགོས་པར་འཇིགས་སོ། །