ལེའུ་ལྔ་པ།
1 དེ་བས་ན་ང་ཚོའི་ལུས་པོ་དེ་ས་སྟེང་གི་གུར་ལྟར་བཤིག་པའི་དུས་སུ། ང་ཚོ་ལ་དཀོན་མཆོག་ནས་ཁང་པ་མིའི་ལག་པས་མ་བཟོས་པ་རྟག་པར་གནས་ཏེ་དཀོན་མཆོག་གི་ཞིང་ཁམས་སུ་ཆགས་པ་ཞིག་ཡོད་པ་ང་ཚོས་ཤེས།
2 ས་སྟེང་གི་གུར་འདི་ལ་སྡོད་དུས་དཀོན་མཆོག་གི་ཞིང་ཁམས་སུ་ཆགས་པའི་ཁང་པ་དེ་གོས་གསར་ལྟར་གོན་པར་འདོད་པས་ང་ཚོས་དབུགས་རིང་ཕྱུང༌།
3 ཁང་པ་དེ་གོན་པས་ང་ཚོ་གོས་མེད་པར་མི་མཐོང༌།
4 གུར་འདིར་སྡོད་དུས་ང་ཚོས་སྡུག་བསྔལ་གྱིས་དབུགས་རིང་ཕྱུང༌། གོས་མེད་པར་མི་འདོད་དེ། དཀོན་མཆོག་གི་ཞིང་ཁམས་ནས་འབྱུང་བའི་ཁང་པ་ཡིས་གོན་འདོད། དེ་ནས་དཔག་ཏུ་མེད་པའི་ཚེ་ཡིས་མི་རྟག་པ་འདི་མེད་པ་བྱེད་པར་འགྱུར།
5 དོན་འདི་རང་གི་ཕྱིར་ང་ཚོ་གྲ་སྒྲིག་མཛད་མཁན་དཀོན་མཆོག་གི་ཡིན་ལ། ཁོང་གིས་འགན་ལེན་ལྟར་དམ་པའི་ཐུགས་ཉིད་ང་ཚོར་གནང་ངོ༌། །
6 དེའི་ཕྱིར་ང་ཚོ་རྟག་ཏུ་ཡིད་རྟོན་པར་གནས། ལུས་འདི་ལ་གནས་པའི་བར་དུ་གཙོ་བོ་དང་མཉམ་དུ་མི་གནས་པར་ཤེས།
7 མིག་གིས་མཐོང་བ་ལྟར་མིན་ཏེ་དད་པའི་སྒོ་ནས་མི་ཚེ་སྐྱེལ།
8 འོ་ན་ཡིད་རྟོན་བྱེད་དེ་ལུས་འདི་དང་བྲལ་ནས་གཙོ་བོ་དང་མཉམ་དུ་གནས་པར་དགའ།
9 དེའི་ཕྱིར་ལུས་འདིའི་ནང་ཡོད་རུང་མེད་རུང༌། ང་ཚོས་ཁོང་ཐུགས་མཉེས་པ་བྱེད་པའི་ཕྱིར་བརྩོན།
10 གང་ཡིན་ཞེ་ན། ལུས་འདིར་གནས་པའི་དུས་སུ་ང་ཚོས་གང་བྱས་པའི་ལས་བཟང་ངན་ཇི་བྱས་པ་འཇལ་བའི་ཕྱིར་ངེད་ཐམས་ཅད་མཱ་ཤི་ཀ་ཁྲིམས་དཔོན་གྱི་བཞུགས་ཁྲིའི་མདུན་དུ་ལང་དགོས།
བར་སྡུམ་བྱེད་པའི་ཞབས་ཏོག
11 གཙོ་བོ་ལ་འཇིགས་པར་འོས་པ་ཤེས་པས་ང་ཚོས་མི་གཞན་ལ་བློ་འགུགས་བྱེད་པར་བརྩོན། དཀོན་མཆོག་གི་སྤྱན་སྔར་ང་ཚོ་ཅི་ལྟར་ཡིན་པ་གསལ་པོ་ཡིན་ཞིང༌། ཁྱེད་ཚོའི་དྲང་སེམས་ཀྱི་ནང་དུའང་དེ་གསལ་པོ་ཡིན་པར་ངས་རེ་བ་བྱེད།
12 ང་ཚོས་ཁྱེད་ཚོར་ཡང་བསྐྱར་རང་བསྟོད་མི་བྱེད་དེ། ཕྱིའི་སྣང་ཚུལ་ངོམ་ཞིང་ནང་སེམས་ངོམ་རྒྱུ་མེད་པ་རྣམས་ལ་ཁྱེད་ཀྱིས་ལན་འདེབས་ཐུབ་པའི་ཕྱིར། ཁྱེད་ཚོ་ལ་ང་ཚོའི་དོན་དུ་སྤོབས་པའི་རྒྱུ་རྐྱེན་ཅིག་སྟེར།
13 ང་ཚོ་སྨྱོ་བ་ལྟར་ན་དེ་ནི་དཀོན་མཆོག་ལ་གཟི་བརྗིད་ཡོང་བའི་ཆེད་དུ་ཡིན། སེམས་ཁམས་བདེ་ན་ཁྱེད་ཚོར་ཕན་པ་ཐོབ་པའི་ཕྱིར་ཡིན།
14 མཱ་ཤི་ཀའི་བྱམས་པ་ཡིས་ང་ཚོར་དབང་སྒྱུར་བས། མི་ཞིག་ཚང་མའི་ཚབ་ལ་གྲོངས་པའི་རྐྱེན་གྱིས་ཐམས་ཅད་ཤི་བར་ང་ཚོས་ཡིད་ཆེས་ངེས་རྙེད་ཡིན།
15 ཡང་ཁོང་ཚང་མའི་ཚབ་ལ་གྲོངས་པའི་དོན་ནི་ཚེ་སྲོག་གསར་པ་ཐོབ་པ་རྣམས་ད་ཕྱིན་ཆད་རང་གི་དོན་ལ་མ་ཡིན་གྱི། ཁོ་ཚོའི་དོན་ལ་གྲོངས་ནས་སླར་གསོན་པོར་འགྱུར་མཁན་མཱ་ཤི་ཀའི་དོན་ལ་མི་ཚེ་སྐྱེལ་བའི་ཆེད་དུ་ཡིན།
16 དེའི་ཕྱིར་ད་ནས་བཟུང་ང་ཚོས་འཇིག་རྟེན་པའི་ཆ་ནས་མི་སུ་ལ་ཡང་མི་རྩི། དེ་སྔོན་ང་ཚོས་མཱ་ཤི་ཀ་ལ་དེ་བཞིན་དུ་བརྩིས་ནའང༌། ད་ཕྱིན་ཆད་དེ་ལྟར་མི་བྱེད།
17 དེ་བས་ན་མཱ་ཤི་ཀའི་ནང་དུ་ཡོད་པ་རྣམས་ནི་གསར་དུ་གྱུར་བ་ཡིན། ལྟོས་དང༌། རྙིང་མ་རྣམས་འདས་ཤིང་གསར་པ་རྣམས་བྱུང་འདུག་ཨང༌།
18 དེ་ཐམས་ཅད་དཀོན་མཆོག་ནས་འབྱུང༌། མཱ་ཤི་ཀའི་སྒོ་ནས་ཁོང་གིས་ང་ཚོ་ཁོང་དང་སྡུམ་པར་མཛད་ནས། ངེད་རྣམས་ལ་བར་སྡུམ་བྱེད་པའི་ཞབས་ཏོག་གནང་བྱུང༌།
19 དེ་ཅི་ཡིན་ཟེར་ན། མི་རྣམས་ཀྱི་སྡིག་ཉེས་མི་རྩི་བར། དཀོན་མཆོག་གིས་མཱ་ཤི་ཀའི་སྒོ་ནས་འཇིག་རྟེན་ཁོང་རང་དང་བར་སྡུམ་མཛད་ཅིང༌། སྡུམ་པའི་འཕྲིན་དེ་ང་ཚོ་ལ་གཏད་བྱུང༌།
20 དེ་བས་ན། ང་ཚོ་མཱ་ཤི་ཀའི་སྐུ་ཚབ་ཡིན་ཏེ། དཀོན་མཆོག་གིས་ང་ཚོའི་ངང་ནས་མི་རྣམས་ལ་སྐུལ་བར་མཛད། མཱ་ཤི་ཀའི་ཚབ་ལ་ཁྱེད་ཚོར་ནན་གྱིས་སྐུལ་ཏེ་དཀོན་མཆོག་དང་བར་སྡུམས་བྱོས་ཤིག
21 མཱ་ཤི་ཀའི་སྒོ་ནས་དཀོན་མཆོག་དང་ང་ཚོ་ཡང་དག་པའི་འབྲེལ་བ་ཐོབ་པའི་ཕྱིར། དཀོན་མཆོག་གིས་སྡིག་ཉེས་མེད་པའི་མཱ་ཤི་ཀ་ང་ཚོའི་དོན་དུ་སྡིག་ཅན་ཡིན་པར་རྩིའོ། །