ལེའུ་བཅུ་བཞི་པ།
ཁྲུས་གསོལ་མཁན་ཡོ་ཧ་ནན་བཀྲོངས་པའི་སྐོར།
1 དེའི་ཚེ་ས་གནས་དཔོན་པོ་ཧེ་རོ་དཱེ་ཡིས་ཡེ་ཤུའི་སྐོར་གྱི་གཏམ་ཐོས་ནས།
2 ཁོའི་གཡོག་པོ་རྣམས་ལ་“མི་དེ་ནི་ཁྲུས་གསོལ་མཁན་ཡོ་ཧ་ནན་གཤིན་པོ་ནས་གསོན་པོར་ལངས་སུ་གྱུར་བ་དེ་ཡིན་པས། ཁོང་ལ་ནུས་མཐུ་འདི་ལྟར་ལྡན་”ཞེས་སྨྲས།
3-4 དེ་སྔོན་ཧེ་རོ་དཱེ་ཡིས་རང་གི་གཅུང་པོ་ཕི་ལིབ་ཀྱི་བཟའ་ཟླ་ཧེ་རོད་ཡཱ་ཟེར་བ་དེ་རང་གི་བཟའ་ཟླར་བླངས་པའི་རྐྱེན་གྱིས། ཡོ་ཧ་ནན་གྱིས་ཧེ་རོ་དཱེ་ལ་“དཀོན་མཆོག་གི་བཀའ་ཁྲིམས་ལྟར་ན་ཁྱེད་ཀྱིས་རང་གི་གཅུང་པོའི་བཟའ་ཟླ་ལེན་མི་ཆོག་”ཅེས་གསུངས་པས། ཧེ་རོ་དཱེ་ཡིས་ཡོ་ཧ་ནན་བཟུང་སྟེ་བསྡམས་ནས་བཙོན་ཁང་ལ་བཅུག
5 ཧེ་རོ་དཱེ་ཡིས་ཡོ་ཧ་ནན་གསོད་པར་འདོད་ཀྱང༌། ཡུལ་མི་རྣམས་ཀྱིས་ཡོ་ཧ་ནན་ལུང་སྟོན་པར་རྩིས་པས་ཧེ་རོ་དཱེ་ཡིས་དེ་རྣམས་ལ་འཇིགས།
6 དེ་ནས་ཧེ་རོ་དཱེ་ཡི་སྐྱེ་སྐར་གྱི་ཉིན་མོར་ཧེ་རོད་ཡཱའི་བུ་མོས་ཧེ་རོ་དཱེ་དང་ཁོའི་མགྲོན་པོའི་མདུན་དུ་ཞབས་བྲོ་འཁྲབ་པས་ཧེ་རོ་དཱེ་དགའ་བར་གྱུར་བ་དང༌།
7 ཁོ་མོས་གང་ཞུས་པའང་སྟེར་བའི་མནའ་བསྐྱལ།
8 རང་གི་མ་ཡིས་བསྐུལ་བས་ཁོ་མོས་“ཁྲུས་གསོལ་མཁན་ཡོ་ཧ་ནན་གྱི་མགོ་བོ་སྡེར་མའི་ནང་དུ་བཞག་ནས་ང་ལ་གནང་བར་མཛོད་”ཅེས་ཟེར།
9 ཧེ་རོ་དཱེའི་སེམས་སྐྱོ་ནའང་མགྲོན་པོ་རྣམས་ཀྱི་མདུན་ལ་མནའ་བསྐྱལ་ཡོད་པའི་ཕྱིར་བཀའ་གཏང་སྟེ།
10 སྲུང་དམག་ཞིག་བཏང་ནས་བཙོན་ཁང་དུ་ཡོ་ཧ་ནན་གྱི་དབུ་བཅད།
11 དབུ་དེ་སྡེར་མའི་ནང་དུ་བཞག་ནས་ཁྱེར་ཡོང་སྟེ་བུ་མོ་ལ་བྱིན་པ་དང༌། ཁོ་མོས་རང་གི་ཨ་མ་ལ་སྤྲད།
12 ཡོ་ཧ་ནན་གྱི་སློབ་མ་རྣམས་ཡོང་སྟེ་ཁོང་གི་སྐུ་ཕུང་ཁུར་ནས་དུར་ཁང་དུ་བཞག་པ་དང༌། ཡེ་ཤུ་ལ་གཏམ་དེ་ཞུ་བའི་ཕྱིར་སོང༌།
མི་ལྔ་སྟོང་ཙམ་གྱི་བཀྲེས་ལྟོགས་བསལ་བ།
13 ཡེ་ཤུས་གཏམ་དེ་གསན་པས་གྲུ་ལ་བཞུགས་ནས་མི་གཞན་མེད་པའི་དབེན་གནས་ཤིག་ལ་ཕེབས། ཡུལ་མི་རྣམས་ཀྱིས་དེའི་སྐོར་ཐོས་པས་གྲོང་ཁྱེར་རྣམས་ནས་གོམ་པ་སྤོས་ཏེ་ཁོང་གི་རྗེས་སུ་འབྲངས།
14 ཁོང་གྲུ་ལས་བབས་དུས་མི་ཚོགས་མང་པོ་གཟིགས་པས། ཐུགས་བརྩེ་བའི་ངང་ནས་ཁོ་ཚོའི་ཁྲོད་ཀྱི་ནད་པའི་ནད་རྣམས་སེལ་བར་མཛད།
15 དགོང་མོ་ཆགས་དུས་ཉེ་གནས་རྣམས་ཁོང་གི་དྲུང་དུ་འོངས་ནས་ཁོང་ལ་“ས་ཆ་འདི་དབེན་སྟོང་ཡིན་ཞིང་ཉི་མ་ཡང་ནུབ་ལ་ཉེ་བས། མི་ཚོགས་ཡུལ་སྡེ་རྣམས་ལ་རང་རང་གི་ཟས་ཉོ་རུ་དགོངས་པ་གནང་རོགས་”ཞེས་སྨྲས།
16 འོན་ཀྱང་དེའི་ལན་དུ་ཡེ་ཤུས་“ཕར་འགྲོ་མི་དགོས། ཁྱེད་ཚོས་ཁོ་ཚོར་ཟས་སྟེར་ཞིག་”ཅེས་གསུངས།
17 ཁོ་ཚོས་ཁོང་ལ་“ང་ཚོར་འདིར་བག་ལེབ་ལྔ་དང་ཉ་ཤ་གཉིས་ལས་མེད་”ཅེས་ཟེར།
18 ཁོང་གིས་“དེ་ཚོ་ངའི་རྩར་འཁུར་ཤོག་”ཅེས་གསུངས་ནས།
19 ཁོང་གིས་མི་ཚོགས་ལ་རྩྭའི་སྟེང་ལ་སྡོད་དགོས་པའི་བཀའ་གནང་ཞིང༌། བག་ལེབ་ལྔ་དང་ཉ་ཤ་གཉིས་པོ་དེ་ཕྱག་ཏུ་བསྣམས་ཏེ་དཀོན་མཆོག་གི་ཞིང་ཁམས་ལ་ཡར་གཟིགས་ཤིང་དཀོན་མཆོག་ལ་བཀའ་དྲིན་ཆེ་ཞུས་རྗེས། བག་ལེབ་དུམ་བུར་བཟོས་ནས་ཉེ་གནས་རྣམས་ལ་གནང་སྟེ་ཁོ་ཚོས་མི་ཚོགས་ལ་སྟེར།
20 མི་ཚང་མས་བཟས་ནས་འགྲངས་ཏེ། ཟས་ལྷག་བསྡུས་པའི་རྗེས་སུ་བག་ལེབ་ཆག་དུམ་གྱིས་སླེ་པོ་བཅུ་གཉིས་ཁེངས།
21 ཟས་ཟ་མཁན་བུད་མེད་དང་ཕྲུ་གུ་མ་བརྩིས་པར་སྐྱེས་པ་ལྔ་སྟོང་ཙམ་ཡོད་པ་ཡིན།
མཚོ་སྟེང་ལ་ཞབས་ཀྱིས་བཅགས་པ།
22 དེ་མ་ཐག་ཡེ་ཤུས་ཉེ་གནས་རྣམས་གྲུ་ལ་སྡོད་དུ་བཅུག་སྟེ། ཁོང་གི་སྔོན་དུ་མཚོའི་ཕ་རོལ་གྱི་ཕྱོགས་སུ་སོང་ཞིག་ཅེས་གསུངས་ནས་མི་ཚོགས་ཕར་བཏང་གནང་ངོ༌།
23 དེ་ལྟར་མཛད་པའི་རྗེས་སུ་སྨོན་ལམ་འདེབས་པའི་ཕྱིར་ཁོང་གཅིག་པུར་རི་ལ་ཡར་ཕེབས། ཉི་མ་ནུབ་པའི་དུས་སུ་དེར་ཁོང་གཅིག་པུ་ཡིན།
24 དེའི་སྐབས་གྲུ་ནི་སྐམ་ས་ནས་ཐག་རིང་ལ་སླེབས་ཡོད། ལྷགས་པ་གྲུའི་མདུན་ཕྱོགས་ནས་བརྒྱབ་པས་རྦ་རླབས་ཀྱིས་དཀྲུགས།
25 མཚན་མོ་ཐུན་བཞི་པ་ཙམ་ལ་ཁོང་མཚོའི་སྟེང་ལ་ཞབས་ཀྱིས་འཆག་སྟེ་ཁོ་ཚོའི་རྩར་ཕེབས།
26 དེ་མཐོང་བས་ཉེ་གནས་རྣམས་འཇིགས་ཤིང་སྐྲག་པར་གྱུར་ནས་“གདོན་འདྲེ་ཞིག་འདུག་”ཅེས་འཇིགས་པས་སྐད་ཤོར་མ་ཐག
27 ཡེ་ཤུས་ཁོ་ཚོར་“ཁྱེད་ཚོའི་སེམས་བདེ་བར་བྱོས། ང་རང་ཡིན་པས་འཇིགས་མི་དགོས་”ཞེས་གསུངས།
28 པེ་ཏྲོས་ཁོང་ལ་“གཙོ་བོ་ལགས། ཁྱེད་རང་ཡིན་ན། ང་ལ་ཆུའི་སྟེང་དུ་ཁྱེད་ཀྱི་རྩར་ཡོང་དགོས་པའི་བཀའ་གནང་དང་”ཞེས་ཟེར་བས།
29 ཁོང་གིས་“ཚུར་ཤོག་”ཅེས་གསུངས་པས་པེ་ཏྲོ་གྲུ་ནས་བབས་ཤིང༌། ཆུའི་སྟེང་ལ་གོམ་པ་བརྒྱབ་སྟེ་ཁོང་གི་རྩར་ཕྱིན།
30 འོན་ཀྱང་ལྷགས་པ་དྲག་པོ་རྒྱག་པ་མཐོང་བས་འཇིགས་ཏེ་ཆུའི་ནང་ལ་ནུབ་འགྲོ་བའི་ཚེ། ཁོས་སྐད་ཆེན་པོས་“གཙོ་བོ་ལགས། ང་སྐྱོབ་རོགས་གནང་”ཞེས་ཞུས་མ་ཐག
31 ཡེ་ཤུས་རང་གི་ཕྱག་བརྐྱངས་ཏེ་ཁོ་བཟུང་ཞིང་ཁོ་ལ་“དད་ཆུང་བ་ཁྱོད། ཅིའི་ཕྱིར་ཐེ་ཚོམ་བྱས་”ཞེས་གསུངས།
32 ཁོང་རྣམས་གྲུའི་ནང་ལ་ཞུགས་པའི་སྐབས་སུ་རླུང་འཇགས།
33 གྲུའི་ནང་ལ་ཡོད་པ་རྣམས་ཀྱིས་ཁོང་ལ་བསྙེན་བཀུར་ཞུས་ཏེ་“ཁྱེད་རང་ནི་བདེན་པར་དཀོན་མཆོག་གི་སྲས་ཡིན་ནོ་”ཞེས་བཤད།
གན་ནེ་སཱ་རེལ་གྱི་ནད་པ།
34 ཁོང་རྣམས་མཚོ་བརྒལ་ནས་གན་ནེ་སཱ་རེལ་ཞེས་པའི་ས་ཆར་སླེབས།
35 དེར་ཡོད་པའི་མི་རྣམས་ཀྱིས་ཁོང་ངོ་ཤེས་རྗེས། མཐའ་སྐོར་གྱི་ཡུལ་ཐམས་ཅད་ལ་མི་བཏང་སྟེ་ནད་པ་ཚང་མ་ཁོང་གི་མདུན་དུ་ཁྲིད་ཅིང༌།
36 ཡེ་ཤུ་ལ་ཁོང་གི་ན་བཟའི་ཟུར་ཙམ་ལ་རེག་པར་གནང་དུ་གསོལ་ཞེས་ཞུ་བ་ཆེན་པོ་ཕུལ་བས། ཁོང་གི་ན་བཟའ་ལ་རེག་པའི་ནད་པ་ཐམས་ཅད་ནད་ལས་ཐར་བར་གྱུར་རོ། །