ལེའུ་གཉིས་པ།
ཡེ་ཤུའི་དམག་མི་བཟང་པོའི་སྐོར།
དེའི་ཕྱིར་ངའི་བུ། མཱ་ཤི་ཀ་ཡེ་ཤུའི་ཐུགས་རྗེའི་ངང་ནས་སེམས་ཤུགས་ཆེན་པོ་སྐྱེད་ཅིག ཁྱེད་ཀྱིས་དཔང་པོ་མང་པོའི་དྲུང་དུ་ང་ལས་ཐོས་པའི་བསྟན་པ་དེ་གཞན་ལའང་སློབ་ཐུབ་མཁན་གྱི་བློ་གཏད་ཆོག་པའི་མི་རྣམས་ལ་གཏོད། མཱ་ཤི་ཀ་ཡེ་ཤུའི་དམག་མི་བཟང་པོ་ལྟར་ང་དང་མཉམ་དུ་སྡུག་བསྔལ་བཟོད་བསྲན་བྱེད། དམག་འཐབ་པའི་དུས་སུ་དམག་མི་སུས་ཀྱང་རྒྱུན་གཏན་གྱི་བྱ་བ་མི་བྱེད། གང་ཡིན་ཞེ་ན། རང་ཉིད་ལ་དམག་སྐུལ་རྒྱག་མཁན་དམག་དཔོན་དེ་དགྱེས་པར་འདོད་པས་སོ། ཡང་སྒྲིག་ལམ་བཞིན་དུ་འགྲན་བསྡུར་མ་བྱས་ན། ལུས་རྩལ་པ་སུའང་ལ་བྱ་དགའི་ཅོད་པན་མི་འཐོབ། དཀའ་སྤྱད་འབད་བརྩོན་བྱེད་མཁན་གྱི་ཞིང་པ་ལ་ལོ་ཏོག་གི་སྐལ་བ་ཐོག་མ་དེ་འཐོབ་འོས་སོ། ངས་སྨྲས་པའི་དོན་ལ་བསམ་གཞིགས་བྱེད། གང་ཡིན་ཞེ་ན། གཙོ་བོས་ཁྱེད་ལ་དོན་འདི་ཀུན་རྟོགས་པའི་ཤེས་རབ་གནང་བར་འགྱུར།
རྒྱལ་པོ་དཱ་བིད་ཀྱི་བུ་རྒྱུད་ཡེ་ཤུ་མཱ་ཤི་ཀ་འཆི་བ་ནས་སླར་གསོན་པ་དྲན་ཞིག དེ་ནི་ངས་སྟོན་པའི་འཕྲིན་བཟང་ཡིན། འཕྲིན་བཟང་དེའི་དོན་ལ་ངས་ཉེས་ཅན་པ་བཞིན་ལྕགས་སྒྲོག་གིས་འཆིང་བའི་བར་དུ་སྡུག་བསྔལ་མྱོང༌། འོན་ཀྱང་དཀོན་མཆོག་གི་བཀའ་ནི་འཆིང་ཐབས་བྲལ། 10 དེའི་ཕྱིར་ཁོ་ཚོ་ལའང་མཐའ་མེད་པའི་གཟི་བརྗིད་དང༌། མཱ་ཤི་ཀ་ཡེ་ཤུའི་ཐོག་ནས་ཐར་པ་འཐོབ་པའི་ཕྱིར། བདམས་པ་རྣམས་ཀྱི་དོན་ལ་ངས་ཐམས་ཅད་བཟོད་པར་བྱེད། 11 གཏམ་འདི་ཁས་ལེན་བྱེད་འོས་པ་ཞིག་ཡིན་ཏེ།
མཱ་ཤི་ཀ་དང་ལྷན་དུ་འཆི་གྱུར་ན། །
ཁོང་དང་མཉམ་དུ་ངེད་རྣམས་གསོན་ཡང་ངེས། །
12 གལ་ཏེ་བཟོད་པའི་གོ་ཆ་བརྟན་གྱུར་ན། །
ཁོང་དང་སྟབས་ཅིག་རྒྱལ་སྲིད་སྐྱོང་བར་ངེས། །
ངེད་ཀྱིས་ཁོང་ཉིད་དང་དུ་མི་ལེན་ན། །
ཁོང་གིས་ངེད་ཅག་རྒྱབ་ཏུ་བསྐྱུར་ཡང་ངེས། །
13 ངེད་ཀྱི་དད་སེམས་བསྐྱུར་ཡང་ཁོང་མིན་ཏེ། །
ཁོང་གིས་རང་ཉིད་སྤང་བ་སྲིད་ན་དཀོན། །
ཞེས་སོ། །
གདེང་འཇོག་ཐོབ་པའི་ལས་བྱེད་མཁན་གྱི་སྐོར།
14 དོན་དེ་རྣམས་ཀྱི་སྐོར་ཁོ་ཚོར་དྲན་པར་སྐུལ། དཀོན་མཆོག་གི་སྤྱན་སྔར་ཁོ་ཚོར་ཚིག་གི་རྩོད་པ་འཛེམ་དགོས་པའི་ཁ་ཏ་བྱེད། དེ་ནི་ཕན་པ་མེད་ཅིང༌། ཐོས་མཁན་ཚོ་ཕུང་བར་འགྱུར་བ་ཁོ་ན་ཡིན་པས་སོ། 15 དཀོན་མཆོག་གི་གདེང་འཇོག་འཐོབ་པའི་ཕྱིར་འབད་བརྩོན་གྱིས་ཤིག ངོ་གནོང་མི་དགོས་པའི་ལས་བྱེད་མཁན་ལྟར་བདེན་པའི་བཀའ་གསལ་པོར་སྟོན། 16 དཀོན་མཆོག་ལ་བཀུར་སྟི་མི་བྱེད་པ་དང་འཆོལ་གཏམ་ལ་འཛེམས་ཤིག དེས་ཆོས་སེམས་མེད་པའི་གནས་སུ་འདྲེན་པར་བྱེད། 17 ཁོ་ཚོའི་གཏམ་དེ་ནད་སྐྲན་ལྟར་ཁྱབ། ཁོ་ཚོའི་ཁྲོད་དུ་ཧི་མེ་ནཱ་ཡུ་དང་ཕི་ལེ་ཏུ་ཡིན་ཏེ། 18 ཁོ་ཚོས་སླར་གསོན་དུ་མཛད་པ་བྱུང་ཟིན་ནོ་ཞེས་ཟེར་ནས་བདེན་པ་དང་བྲལ་ཞིང༌། ཁ་ཤས་དད་ལོག་སྐྱེ་བར་བྱེད། 19 འོན་ཀྱང་དཀོན་མཆོག་གི་བདེན་པའི་རྨང་གཞི་བརྟན་པོ་གནས་ཏེ། གཙོ་བོས་རང་གི་མི་རྣམས་སུ་ཡིན་མིན་མཁྱེན་ནོ་ཞེས་དང༌། གཙོ་བོའི་མཚན་བརྗོད་མཁན་ཐམས་ཅད་ཀྱིས་ངན་པ་སྤོང་དགོས་ཞེས་བཀའ་རྒྱའི་སྟེང་འཁོད་ཡོད། * 20 དཔེར་ན་ཕོ་བྲང་ཞིག་གི་ནང་གསེར་དང་དངུལ་གྱི་སྣོད་ཆས་ཡོད་པ་མ་ཟད། ཤིང་དང་རྫའི་སྣོད་ཆས་ཀྱང་ཡོད། ཁ་ཅིག་དམིགས་བསལ་གྱི་དུས་སྐབས་དང༌། ཁ་ཅིག་རྒྱུན་དུ་བེད་སྤྱོད་གཏོང་ཕྱིར་ཡིན། 21 འོ་ན། གལ་ཏེ་སུ་ཞིག་གིས་རང་ཉིད་ངན་པ་ལས་དག་པར་བྱས་ན། ཁོ་ནི་དམིགས་བསལ་གྱི་སྣོད་ཡིན་ཏེ། གཙང་བ་དང༌། ཕོ་བྲང་གི་བདག་པོ་ལ་ཕན་པ། ལས་བཟང་པོ་ཀུན་བྱེད་པར་གྲ་སྒྲིག་ཡོད་པ་ཞིག་ཏུ་འགྱུར། 22 གཞོན་ནུའི་འདོད་པ་སྤངས་ནས། བཅོས་མིན་གྱིས་གཙོ་བོའི་མཚན་བརྗོད་མཁན་དང་བཅས་པར་དྲང་བདེན། དད་སེམས། བྱམས་སེམས། ཞི་བདེ་བཅས་འཚོལ་ཞིག 23 བླུན་ཞིང་རྨོངས་པའི་གཏམ་ལས་ཁ་རྩོད་འབྱུང་བར་ཤེས་པས་འཛེམས་ཤིག 24 ཡང་གཙོ་བོའི་ཞབས་ཕྱི་ནི་ཁ་རྩོད་ལ་མི་དགའ་བར། ཐམས་ཅད་ལ་ཞི་འཇམ་བྱེད་པ་དང༌། མཁས་པའི་སློབ་དཔོན། བཟོད་སེམས་དང་ལྡན་པ། 25 སེམས་དུལ་པོའི་ངང་ནས་རྒོལ་མཁན་རྣམས་ལ་ཡོ་བསྲང་བྱེད་དགོས། དཀོན་མཆོག་གིས་ཁོ་ཚོས་སྤྱོད་ངན་སྤངས་ཤིང་སེམས་བསྐྱུར་ལ་བདེན་པ་ཤེས་པར་གོ་སྐབས་གནང་ན། 26 ཁོ་ཚོ་བློ་ཁུག་སྟེ། བདུད་ཀྱི་འདོད་པ་བཞིན་དུ་བྱེད་པའི་ཕྱིར་བཙོན་དུ་བཟུང་ཡོད་ཀྱང༌། ཁོའི་རྙི་ལས་ཐར་བར་སྲིད་དོ། །
* ལེའུ་གཉིས་པ།:19 གྲངས་ཀ་ཞེས་ཟེར་བའི་མདོ་ལེའུ་16 ཨང་5 ལ་གཟིགས།