༄༅། །པའུ་ལུ་ཡིས་ཐེ་ཏུ་ལ་བྲིས་པའི་འཕྲིན་ཡིག་བཞུགས་སོ། །
འགོ་བརྗོད།
རྩོམ་པ་པོ། སྐུ་ཚབ་པའུ་ལུ།
རྩོམ་དུས། སྤྱི་ལོ་62-64 བར་ཙམ་ལ་བྲིས། (ལོ་རྒྱུས་དོན་ཆེན་རེའུ་མིག་ལ་གཟིགས་)
རྩོམ་རིག་གི་རྣམ་གྲངས། འཕྲིན་ཡིག
ཐོག་མའི་ཀློག་མཁན། སྐུ་ཚབ་པའུ་ལུའི་ལས་རོགས་ཐེ་ཏུ།
ནང་དོན་གཙོ་བོ། ཐེ་ཏུ་ནི་ཡ་ཧུ་དཱ་པ་མ་ཡིན་ལ། ཐི་མོ་ཐེ་ནང་བཞིན་སྐུ་ཚབ་པའུ་ལུའི་ལས་རོགས་སུ་གྱུར། ཆོས་ཚོགས་ཀྱི་ལས་ལ་དོ་དམ་བྱེད་ཅིང༌། ཆོས་ཚོགས་ཀྱི་འགན་འཁུར་བ་རྣམས་སྐོ་བའི་ཕྱིར་སྐུ་ཚབ་པའུ་ལུ་ཡིས་ཐེ་ཏུ་ཀེ་རེ་ཊེ་གླིང་ཕྲན་དུ་བཏང༌། སྐུ་ཚབ་པའུ་ལུ་ཡིས་ཐེ་ཏུ་ལ་འགན་འཁུར་བ་རྣམས་ཀྱི་རང་གཤིས་དང༌། ཆོས་ཚོགས་ལ་རྒད་པོ་དང་རྒད་མོ་ལ་སོགས་པའི་མི་སྣ་ཚོགས་ཇི་ལྟར་སློབ་པ། མཱ་ཤི་ཀ་པས་དད་པ་དང་མཐུན་པའི་སྤྱོད་ལམ་བཟང་པོ་ཇི་ལྟར་བྱེད་དགོས་པའི་བསླབ་བྱ་སྟོན།
ལེའུ་དང་པོ།
འཚམས་འདྲི།
1 དཀོན་མཆོག་གིས་བདམས་པའི་མི་རྣམས་ཀྱི་དད་པ་འཕེལ་བའི་ཆེད་དང༌། བདེན་པ་རྟོགས་ཏེ་དད་ལྡན་རྣམས་ཀྱི་སྤྱོད་ཚུལ་གྱིས་དཀོན་མཆོག་གི་ཐུགས་མཉེས་པར་བྱེད་པའི་ཕྱིར། དཀོན་མཆོག་གིས་ང་པའུ་ལུ་ཞབས་ཕྱི་དང་ཡེ་ཤུ་མཱ་ཤི་ཀའི་སྐུ་ཚབ་ལྟར་བཀོད་དེ།
2 འཇིག་རྟེན་མ་བཀོད་པའི་སྔོན་ནས་དཀོན་མཆོག་རྫུན་གསུང་མི་སྲིད་པ་དེས་ཁོང་གི་མི་རྣམས་ལ་དཔག་ཏུ་མེད་པའི་ཚེ་ཡི་ཞལ་ཆད་གནང་བས་དེ་ཚོས་ཡིད་རྟོན་ནས་དེ་ལ་བརྟེན།
3 ང་ཚོའི་སྐྱབས་མགོན་དཀོན་མཆོག་གིས་ང་ལ་ཆོས་བསྟན་དགོས་པའི་བཀའ་གནང་བས། དུས་ལ་འབབ་སྐབས་ཁོང་གི་བཀའ་མངོན་པར་མཛད།
4 ང་ཚོའི་ཐུན་མོང་གི་དད་པའི་ཐོག་ནས་ངའི་བདེན་པའི་བུ་ཐེ་ཏུ་ལ་ང་པའུ་ལུ་ཡིས་འཕྲིན་ཡིག་འདི་འབུལ་ལོ། །
ཡབ་དཀོན་མཆོག་དང་ང་ཚོའི་སྐྱབས་མགོན་མཱ་ཤི་ཀ་ཡེ་ཤུ་ནས་དཀོན་མཆོག་གི་ཐུགས་རྗེ་དང་ཞི་བདེ་ཁྱེད་ལ་ལྡན་པར་གྱུར་ཅིག
འགན་འཁུར་བ་རྣམས་ཀྱི་སྐོར།
5 ངས་ཁྱེད་ཀེ་རེ་ཊེ་ཡུལ་ལ་བཞག་དགོས་དོན་ནི་ཚར་མེད་པའི་ལས་རྣམས་སྒྲུབ་པའི་ཆེད་དང༌། ངས་བཀའ་བསྒོས་པ་ལྟར་ཁྱེད་ཀྱིས་གྲོང་ཁྱེར་རེར་འགན་འཁུར་བ་རྣམས་སྐོ་བའི་ཕྱིར་ཡིན།
6 འགན་འཁུར་བ་དེ་རྣམས་ནི་སྐྱོན་མེད་པ་དང༌། བཟའ་ཟླ་གཅིག་གི་ཁྱོ་ག་ཡིན་དགོས་པ་མ་ཟད། ཁོའི་ཕྲུ་གུ་ནི་དད་ལྡན་དང་བག་ཡོད་པ་ཞིག་ཡིན་པ་དང་ཕ་མའི་ཁ་ལ་མི་ཉན་པའི་སྐྱོན་བརྗོད་མེད་པ་ཞིག་ཡིན་དགོས།
7 དོ་དམ་པ་ནི་དཀོན་མཆོག་གི་འཕྲིན་ལས་སྒྲུབ་མཁན་ཡིན་པས་སྐྱོན་མེད་པ་ཡིན་དགོས་པ་དང༌། རང་ལ་མི་ཆགས་པ། ཁོང་ཁྲོ་ལངས་བདེ་བ། རྒུན་ཆང་ལ་སོགས་མང་པོ་འཐུང་མཁན། འཐབ་པ་དང༌། དངུལ་ལ་ཆགས་པ་མ་ཡིན་པར།
8 ཀུན་ལ་སེམས་རྩ་འཁོལ་བ་དང༌། བཟང་པོ་ལ་དགའ་བ། རང་ཚོད་ཟིན་པ། དྲང་པོ། དམ་པ། བག་ཡོད་དང་ལྡན་པ་བཅས་ཡིན་དགོས།
9 མི་གཞན་ལ་ཡང་དག་པའི་བསླབ་བྱ་སྟོན་པ་དང༌། བདེན་པའི་གནས་ལུགས་བརྟན་པོར་འཛིན་དགོས། དེ་ལྟར་བྱུང་ཚེ་གཞན་གྱིས་རྒོལ་བ་འཇོམས་པར་བྱེད་ནུས་པ་དང་བདེན་པའི་ཆོས་ཀྱིས་གཞན་ལ་སྐུལ་མ་གཏོང་ཐུབ།
10 གང་ལགས་ཟེར་ན། ངོ་རྒོལ་བྱེད་མཁན་མང་པོ་ཡོད། དེ་ཚོ་སྙིང་པོ་མེད་པའི་གཏམ་ཤོད་མཁན་དང་མགོ་སྐོར་གཏོང་མཁན་ཡིན་ཏེ་མང་ཆེ་ཤོས་ཡ་ཧུ་དཱ་པའི་ཆོས་ཀྱི་རྟགས་བརྒྱབ་དགོས་ཟེར་བའི་ཕྱོགས་ཁག་ནས་ཡིན།
11 མི་འདི་རྣམས་ཀྱི་ཁ་བཀག་དགོས། གང་ཡིན་ཟེར་ན། དེ་ཚོས་དངུལ་འཐོབ་པའི་ཆེད་དུ་ཕན་མེད་ཀྱི་བསླབ་བྱ་སྟོན་པའི་སྒོ་ནས་མི་ཚང་མང་པོ་དད་ལོག་ཏུ་འགྱུར་བར་བྱེད།
12 ཀེ་རེ་ཊེ་པའི་སྙན་ངག་པ་ཞིག་གིས།
ཀེ་རེ་ཊེ་པ་རྣམས་ཀྱིས་ནི། །
རྟག་ཏུ་རྫུན་གཏམ་ཁོ་ན་སྨྲ། །
གཅན་གཟན་ངན་པ་དང་འདྲ་བའི། །
གྲོད་ཆེན་ལེ་ལོ་ཅན་ཞིག་ཡིན། །
ཞེས་བཤད།
13-14 གོང་དུ་བཤད་པ་དེ་ནི་བདེན་པ་ཡིན། དེ་ཚོའི་དད་པ་སྐྱོན་མེད་པར་འབྱུང་བའི་ཆེད་དང༌། དེ་ཚོས་ཡ་ཧུ་དཱ་པའི་སྙིང་པོ་མེད་པའི་སྒྲུང་ཡང་ན་བདེན་པ་སྤོང་མཁན་གྱི་བསྟན་པ་ལ་དོ་སྣང་མི་བྱེད་པའི་ཆེད་དུ་དེ་ཚོར་ནན་གྱིས་སྐུལ།
15 བཅོས་མིན་གྱི་མི་རྣམས་ལ་དངོས་པོ་ཐམས་ཅད་གཙང་མ་ཡིན། མི་གཙང་མ་དང་དད་མེད་པ་རྣམས་ལ་གང་ཡང་གཙང་མ་མིན། གང་ལགས་ཟེར་ན། དེ་ཚོའི་བློ་དང་སེམས་ངན་རུལ་དུ་གྱུར་བས་སོ།
16 དེ་ཚོས་དཀོན་མཆོག་ངོ་ཤེས་ཞེས་ཟེར་ཡང་ལས་ངན་བྱེད་པའི་སྒོ་ནས་ཁོང་ངོ་མི་ཤེས་པ་མཚོན་པས། དེ་ཚོ་ནི་སྐྱུག་བྲོ་བ་དང༌། ཁ་ལ་མི་ཉན་པ། ལས་བཟང་པོ་གང་ཡང་བྱེད་མི་ཐུབ་པ་ཡིན་ནོ། །