ལེའུ་བརྒྱད༌པ།
ཡེ་རུ་སཱ་ལེམ་གྱི་ཆོས་ཚོགས་གཏོར༌བ།
1 སི་ཏེ་ཕཱན་བསད་པའི་དོན་དེར་སོ་ལོའང་ཡིད་འཐད༌དོ།། ཉིན༌དེར། ཡེ་རུ་སཱ་ལེམ་གྱི་ཆོས་ཚོགས་ལ་གནོད་འཚེ་ཆེན་པོ་ཐེབས༌ཏེ། སྐུ་ཚབ་པ་རྣམས་ལས་གཞན་རྗེས་འབྲང་པ་ཐམས་ཅད་ཡ་ཧུ་དཱ་དང་སཱ་མར་ཡ་ཡུལ་སོ་སོར་ཁ་ཐོར་དུ་སོང༌བ་རེད།
2 དད་གུས་ཡོད་པའི་མི་རྣམས་ཀྱིས་སི་ཏེ་ཕཱན་གྱི་བེམ་པོ་དུར་ལ་སྦས་ཤིང་མྱ་ངན་དྲག་ཏུ་ཞུས་སོ།།
3 འོན༌ཀྱང༌། སོ་ལོ་ཡིས་ཆོས་ཚོགས་ལ་གནོད་པ་ཆེན་པོ་བཟོས༌ཤིང༌། ཁྱིམ་ཚང་རེ་རེར་སོང་ནས་སྐྱེས་ཕོ་མོ་རྣམས་བཙན་ཁྲིད་བྱས་ཏེ་བཙོན་དུ་བཅུག༌གོ།
ཕི་ལིབ་ཀྱིས་སཱ་མར་ཡ་ཡུལ་དུ་ཆོས་གསུངས༌པ།
4 དེ་ནས་ཁ་ཐོར་དུ་སོང་བའི་མི་དེ་རྣམས་ཡུལ་སོ་སོར་སོང་ནས་དཀོན་མཆོག་གི་བཀའ་བསྒྲགས་སོ།།
5 ཕི་ལིབ་ཀྱང་མར་སཱ་མར་ཡ་གྲོང་ཁྱེར་དུ་སོང་ནས་སྐྱབས་མགོན་མཱ་ཤི་ཀའི་ཆོས་བསྒྲགས༌ཤིང༌།
6 མི་ཚོགས་ཀྱིས་ཆོས་ཐོས་པ་དང་ཕི་ལིབ་ཀྱིས་བསྟན་པའི་གྲུབ་རྟགས་རྣམས་ཀྱང་མཐོང་སྟེ་བློ་སེམས་གཅིག་མཐུན་གྱིས་ཁོང་གི་གསུང་ལ་མཉན་ཏོ།།
7 མི་མང་པོ་གདོན་འདྲེས་བཟུང་ཡོད་ཅིང་གདོན་འདྲེ་དེ་དག་གིས་སྐད་ཆེན་པོ་བརྒྱབ༌སྟེ། ཁོ་རྣམས་ཀྱི་ལུས་ནས་ཕྱིར་བུད་པ༌དང༌། གཞན༌ཡང༌། ཞ་བོ་དང་གྱོལ་པོ་མང་པོ་ཡོད་པ་རྣམས་ཀྱང་ནད་ལས་ཐར་བས།
8 གྲོང་ཁྱེར་དེའི་ནང་དུ་དགའ་སྤྲོ་ཆེན་པོ་བྱུང༌ངོ༌།།
རྫུ་འཕྲུལ་པ་སི་མོན་གྱི༌སྐོར།
9 དེ་ཡང་མིང་ལ་སི་མོན་ཟེར་བའི་མི་ཞིག་ཡོད་པ༌དེས། སྔར་ནས་གྲོང་ཁྱེར་དེ་རུ་རྫུ་འཕྲུལ་བསྟན་ཅིང་རང་རློམ་ཆེ་བས་སཱ་མར་ཡ་པ་རྣམས་ཧ་ལས་སུ་བཅུག་གོ།
10 རྒན་གཞོན་ཡོངས་ཀྱིས་ཀྱང་ཁོའི་གཏམ་ལ་ཉན༌ཞིང༌། མི་འདི་ནི་དཀོན་མཆོག་གི་ནུས་མཐུ་ཆེན་པོ་ཟེར་བ་དེ་ཡིན་ཞེས་སྨྲས་སོ།།
11 ཁོས་ཡུན་རིང་པོར་མི་དེ་རྣམས་ལ་རྫུ་འཕྲུལ་བསྟན་ནས་ཁོ་རྣམས་ཧ་ལས་སུ་བཅུག་པས་མི་རྣམས་ཀྱིས་ཁོའི་གཏམ་ལའང་མཉན་པ་རེད།
12 འོན་ཀྱང་ཕི་ལིབ་ཀྱིས་དཀོན་མཆོག་གི་རྒྱལ་སྲིད་སྐོར་གྱི་འཕྲིན་བཟང་དང་ཡེ་ཤུ་མཱ་ཤི་ཀའི་མཚན་བསྒྲགས་པ་ལ་མི་དེ་རྣམས་ཀྱིས་དད་པ་བྱས་ཏེ་སྐྱེས་ཕོ་མོ་རྣམས་ཁྲུས་གསོལ་ལ་ཞུགས་པ༌དང༌།
13 སི་མོན་རང་ཉིད་ཀྱང་དད་པར་གྱུར་ནས་ཁྲུས་གསོལ་ལ་ཞུགས་ཤིང་རྟག་ཏུ་ཕི་ལིབ་ལ་འགྲོགས་པ༌དང༌། ཕི་ལིབ་ཀྱིས་བསྟན་པའི་གྲུབ་རྟགས་དང་ངོ་མཚར་ཆེ་བའི་དོན་རྣམས་མཐོང་ནས་ཧ་ལས་པར་གྱུར༌ཏོ།།
14 དེ་ཡང་ཡེ་རུ་སཱ་ལེམ་དུ་སྡོད་པའི་སྐུ་ཚབ་པ་རྣམས་ཀྱིས་སཱ་མར་ཡ་པ་རྣམས་ཀྱིས་དཀོན་མཆོག་གི་བཀའ་དང་དུ་བླངས་པ་ཐོས༌ཏེ། པེ་ཏྲོ་དང་ཡོ་ཧ་ནན་གཉིས་དེ་དག་གི་གམ་དུ་མངགས་སོ།།
15 དེ་ནས་ཁོང་གཉིས་གནས་དེར་སླེབས་པ་དང་མི་དེ་རྣམས་ལ་དམ་པའི་ཐུགས་ཉིད་འཐོབ་པའི་ཕྱིར་གསོལ་བ་བཏབ།
16 རྒྱུ་མཚན་ནི་ཁོ་རྣམས་གཙོ་བོ་ཡེ་ཤུའི་མཚན་ལ་བརྟེན་ནས་ཁྲུས་གསོལ་ལ་ཞུགས༌ཀྱང༌། སྐབས༌དེར། དམ་པའི་ཐུགས་ཉིད་ད་དུང་མི་སུ་ཞིག་གི་སྟེང་དུའང་མ་བབས༌སོ།།
17 དེ་ནས་སྐུ་ཚབ་པ་གཉིས་ཀྱིས་མི་དེ་རྣམས་ཀྱི་ལུས་ལ་ཕྱག་བཞག་པ་དང་དེ་རྣམས་ལ་དམ་པའི་ཐུགས་ཉིད་ཐོབ་པ་རེད།
18 དེ་ནས་སྐུ་ཚབ་པ་གཉིས་ཀྱིས་མི་རྣམས་ཀྱི་ལུས་ལ་ཕྱག་བཞག་ནས། དམ་པའི་ཐུགས་ཉིད་ཐོབ་པ་སི་མོན་གྱིས་ཀྱང་མཐོང་བས། ཁོང་གཉིས་ལ་དངུལ་འབུལ་གྲབས་བྱས་ཏེ་ན༌རེ།
19 ངས་ཀྱང་མི་སུ་ཞིག་གི་ལུས་ལ་ལག་པ་བཞག༌ན། དེ་ལ་དམ་པའི་ཐུགས་ཉིད་འཐོབ་ཕྱིར་དབང་འདི་བདག་ལ་གནང་བར་མཛོད་ཅེས་ཞུས་པ༌ལ།
20 པེ་ཏྲོས་འདི་སྐད༌དུ། ཁྱོད་ཀྱིས་དཀོན་མཆོག་གི་གནང་སྦྱིན་ནི་དངུལ་ལ་བརྟེན་ནས་ཉོ་ཐུབ་པར་བསམས༌པས། ཁྱོད་ཀྱི་དངུལ་དང་ཁྱོད་རང་གཉིས་མཉམ་དུ་མེད་པར་གྱུར༌ཅིག
21 དཀོན་མཆོག་གི་དྲུང་དུ་ཁྱོད་ནི་སེམས་རྒྱུད་མི་དྲང་བས་ཁྱོད་ལ་ལས་འགན་འདིའི་སྟེང་དུ་སྐལ་བ་དང་འབྲེལ་བ་ཅི་ཡང་མེད།
22 ཁྱོད་ཀྱིས་རང་གི་ནག་ཉེས་འདི་ལས་འགྱོད་བཤགས་བྱོས་དང་། གཙོ་བོ་ལ་གསོལ་བ་ཐོབས་ཤིག དེ་ནས་ཁྱོད་ཀྱི་སེམས་ཁོང་གི་བསམ་ཚུལ་ལ་གུ་ཡངས་འཐོབ་ཀྱང་སྲིད་དོ།།
23 ཁྱོད་ནི་ཕྲག་དོག་གིས་ཁེངས་ཤིང་སྡིག་པས་བཅིངས་ཡོད་པའང་ངས་མཐོང་བ་ཡིན་ཞེས་གསུངས་སོ།།
24 དེ་ནས་སི་མོན་ན༌རེ། ཁྱོད་ཅག་གིས་བཤད་པ་རྣམས་ངའི་སྟེང་དུ་ཅི་ཡང་མི་འབྱུང་བའི༌ཕྱིར། ངའི་དོན་དུ་གཙོ་བོ་ལ་གསོལ་བ་འདེབས་པར་མཛོད་ཅེས་ཞུས་སོ།།
25 དེ་ནས་སྐུ་ཚབ་པ་པེ་ཏྲོ་དང་ཡོ་ཧ་ནན་གཉིས་ཀྱིས་གཙོ་བོའི་བཀའ་ལ་བདེན་དཔང་དང་བརྒྱུད་སྒྲོག་བྱས༌ཤིང༌། ཕྱིར་ཡེ་རུ་སཱ་ལེམ་དུ་ལོག་པ་དང་ལམ་བར་དུ་སཱ་མར་ཡ་ཡུལ་གྱི་གྲོང་སྡེ་མང་པོ་ལ་འཕྲིན་བཟང་བསྒྲགས༌སོ།།
ཕི་ལིབ་དང་ཨེ་ཐི་ཨོ་པི་ཡཱའི་རྒྱལ་ཁབ་ཀྱི་ཉུག་རུམ༌པ།
26 དེ་ཡང་གཙོ་བོའི་ཕོ་ཉ་ཞིག་གིས་ཕི་ལིབ་ལ་འདི་སྐད༌དུ། ཡར་ལོངས༌དང༌། ལྷོ་ཕྱོགས་སུ་ཡོད་པའི་ཡེ་རུ་སཱ་ལེམ་ནས་ག་ཟཱ་རུ་འགྲོ་བའི་དབེན་སྟོང་གི་ལམ་དེར་སོང་ཞིག་ཅེས་བཀའ་བསྩལ་ཏོ།།
27 དེ་ནས་ཕི་ལིབ་ལམ་ལ་ཆས་པ༌ན། ལམ་བར༌དུ། ཨེ་ཐི་ཨོ་པི་ཡཱ་རྒྱལ་ཁབ་ཀྱི་དབང་ཐང་ཅན་གྱི་ཉུག་རུམ་པ༌སྟེ། རྒྱལ་ཁབ་དེའི་ཀན་དཱ་ཀེ་བྱ་བའི་རྒྱལ་མོའི་དངུལ་མཛོད་ཁང་གི་སྤྱི་གཉེར་པ་དེ་ཉིད་ཡེ་རུ་སཱ་ལེམ་ལ་མཇལ་དུ་སོང༌ཞིང༌།
28 ད་ལྟ་ཤིང་རྟར་བསྡད་ནས་ཕྱིར་ལོག་པའི་ལམ་དུ་ལུང་སྟོན་པ་ཡེ་ཤ་ཡཱའི་མདོ་ཀློག་གིན་ཡོད་པ་རེད།
29 དེ་ནས་དམ་པའི་ཐུགས་ཉིད་ཀྱིས་ཕི་ལིབ་ལ་འདི་སྐད༌དུ། ཁྱོད་རང་ཤིང་རྟ་དེའི་གམ་དུ་སོང་ཞིག་ཅེས་གསུངས་པ༌དང༌།
30 ཕི་ལིབ་ཀྱང་དེ་བཞིན་དུ་ཉུག་རུམ་པའི་གམ་དུ་བརྒྱུགས༌ཤིང༌། དེས་ལུང་སྟོན་པ་ཡེ་ཤ་ཡཱའི་མདོ་ཀློག་གིན་ཡོད་པ་ཐོས་ཏེ་ན༌རེ། ཁྱོད་ཀྱིས་ཀློག་བཞིན་པའི་དོན་དེ་རྟོགས་སམ་ཞེས་དྲིས་པ༌ན།
31 ཁོ་ན༌རེ། བདག་ལ་ཁྲིད་སྟོན་བྱེད་མཁན་མེད༌པས། ངས་ཅི་ལྟར་རྟོགས་ནུས་ཞེས་སྨྲས༌ཤིང༌། ཕི་ལིབ་ཤིང་རྟའི་ནང་དུ་ཁོ་དང་མཉམ་དུ་བཞུགས༌པར་གདན་དྲངས་པ་དང་།
32 ཁོས་ཀློག་བཞིན་པའི་མདོ་ནི་འདི་ལྟ༌སྟེ།
ཁོང་ནི་ཤན་པའི་མདུན་དུ་ལུག་ལྟར༌ཁྲིད།།
བལ་འབྲེག་པ་ཡི་གམ་གྱི་ལུ་གུ༌བཞིན།།
སྐད་སྒྲ་མེད་པར་ཁོང་གིས་ཅང་མི༌སྨྲ།།
33 གཞན་གྱིས་ཁོང་ལ་འཕྱ་ཞིང་དམོད་པ༌དང༌།།
བདེན་པའི་ཁྲིམས་ཐག་གཏན་ནས་མེད་པར༌བཟོས།།
ཁོང་གི་ཚེ་སྲོག་ས་ལས་བཅད་པའི༌ཕྱིར།།
ཁོང་གི་གདུང་རྒྱུད་སུ་ཡིས་འཆད་ནུས༌སམ།།
ཞེས་གསུངས་ཡོད་པ༌དེའོ།།
34 དེ་ནས་ཉུག་རུམ་པ་ན༌རེ། ལུང་སྟོན་པས་ལུང་བསྟན་འདི་ནི་རང་གཞན་སུ་ལ་གསུངས་པ་བདག་ལ་གསུང་བར་མཛོད་ཅེས་སྨྲས་པ༌དང༌།
35 ཕི་ལིབ་ཀྱིས་མདོ་དེ་ནས་འགོ་བཟུང་སྟེ་སྐྱབས་མགོན་ཡེ་ཤུའི་དོན་རྣམས་ཉུག་རུམ་པར་གསུངས་སོ།།
36 དེ་ནས་ཁོ་གཉིས་མདུན་དུ་སྐྱོད་བཞིན་ཆུ་ཡོད་པའི་ས་ཆ་ཞིག་ཏུ་སླེབས་པ༌ན། ཉུག་རུམ་པ་ན༌རེ། ལྟོས༌དང༌། འདི་རུ་ཆུ་ཡོད༌དེ། ང་རང་ཁྲུས་གསོལ་ལ་ཞུགས་ན་མི་འོས་པ་ཅི་ཡོད་ཅེས་སྨྲས་པ༌ལ།
37 ཕི་ལིབ་ན༌རེ། ཁྱོད་ཀྱིས་བློ་སེམས་རྩེ་གཅིག་གིས་དད་པ་བྱས་ན་ཆོག་པ་ཡིན་ཞེས་བཤད་ཅིང༌། ཁོས་ཀྱང་ཡེ་ཤུ་མཱ་ཤི་ཀ་ནི་དཀོན་མཆོག་གི་སྲས་ཡིན་པར་ངས་དད་པ་བྱེད་ཅེས་སྨྲས་པ༌དང༌།
38 ཤིང་རྟ་བགྲོད་མཚམས་འཇོག་པར་བཀའ་བསྒོས༌ཏེ། ཁོ་གཉིས་ཆུ་རུ་ཞུགས་ཤིང་ཕི་ལིབ་ཀྱིས་ཁོ་ལ་ཁྲུས་གསོལ་མཛད་དོ།།
39 དེ་ནས་ཁོ་གཉིས་ཆུ་ལས་ཕྱིར་འབུད་པའི་དུས༌སུ། གཙོ་བོའི་ཐུགས་ཉིད་ཀྱིས་གློ་བུར་ཉིད་ལ་ཕི་ལིབ་གནས་གཞན་དུ་དྲངས༌ཤིང༌། ཉུག་རུམ་པས་ཕི་ལིབ་མ་མཐོང་ཡང་དགའ་སྤྲོའི་ངང་ལམ་ལ་ཆས་སོ།།
40 ཕྱིས༌སུ། ཨ་ཟོད་ཅེས་པའི་གྲོང་ཁྱེར་ལ་ཕི་ལིབ་མངོན་སུམ་དུ་སླེབས་པ་དང་། ཁོ་རང་གྲོང་ཁྱེར་ཀུན་ཏུ་རྒྱུ་ཞིང་ཀེ་སར་ཡཱ་རུ་སླེབས་པའི་བར་དུ་འཕྲིན་བཟང་བསྒྲགས༌སོ།།