ལེའུ་ཉེར་བརྒྱད་པ།
བཀའ་བརྩི་མཁན་ལ་བྱིན་རླབས་ཐོབ་པ།
1 གལ་སྲིད་ཁྱོད་རྣམས་ཀྱིས་དངོས་གནས་ཁྱོད་ཅག་གི་དཀོན་མཆོག་ཡ་ཝཱེའི་གསུང་ལ་མཉན་ཏེ། ངས་དེ་རིང་ཁྱོད་རྣམས་ལ་བསྒོས་པའི་ཁོང་གི་བཀའ་རྒྱ་ཐམས་ཅད་བསྲུངས་ནས་བསྒྲུབས་ན། ཁྱོད་རྣམས་ཀྱི་དཀོན་མཆོག་ཡ་ཝཱེས་ས་སྟེང་གི་མི་རིགས་ཐམས་ཅད་ལས་ཁྱོད་མཐོ་སར་འཇོག་གོ །
2 ཁྱོད་རྣམས་ཀྱིས་ཁྱོད་ཅག་གི་དཀོན་མཆོག་ཡ་ཝཱེའི་གསུང་ལ་མཉན་ན། བྱིན་རླབས་འདི་ཐམས་ཅད་ཁྱོད་རྣམས་ལ་འཐོབ་ཅིང་། ཁྱོད་རྣམས་བསྙེག་པར་བྱ།
3 ཁྱོད་རྣམས་ལ་གྲོང་ཁྱེར་ནས་བྱིན་རླབས་འཐོབ་ལ། ས་ཞིང་ནས་ཀྱང་བྱིན་རླབས་འཐོབ།
4 ཁྱོད་རྣམས་ཀྱི་རུས་རྒྱུད་དང་། ཞིང་གི་ལོ་ཏོག་དང་། ཕྱུགས་ཀྱི་རྒྱུད་པ་དང་། བ་གླང་གི་འཕེལ་ཐོག་དང་། ར་ལུག་གི་འཕེལ་ཀ་རྣམས་ལ་བྱིན་རླབས་འཐོབ།
5 ཁྱོད་རྣམས་ཀྱི་གཟེབ་དང་རྫི་གཞོང་ལ་བྱིན་རླབས་འཐོབ།
6 ཁྱོད་རྣམས་ནང་ལ་ཡོང་དུས་དང་ཕྱི་ལ་འགྲོ་དུས་ཀྱང་བྱིན་རླབས་འཐོབ་བོ། །
7 ཡར་ལངས་ནས་ཁྱོད་རྣམས་ལ་རྒོལ་བའི་དགྲ་རྣམས་ནི་དཀོན་མཆོག་ཡ་ཝཱེས་ཁྱོད་ཅག་གི་མདུན་དུ་ཕམ་པར་མཛད་ཅིང་། དེ་དག་ལམ་གཅིག་ནས་ཁྱོད་རྣམས་ལ་རྒོལ་བར་འོངས་ནའང་། ཁྱོད་རྣམས་ཀྱི་མདུན་དུ་ཁོ་ཚོ་ལམ་བདུན་ནས་འབྲོ་བར་འགྱུར།
8 ཁྱོད་རྣམས་ཀྱི་འབྲུ་མཛོད་རྣམས་དང་ཁྱོད་ཅག་གི་ལག་པས་བསྒྲུབས་པ་ཐམས་ཅད་ལ་དཀོན་མཆོག་ཡ་ཝཱེས་བྱིན་རླབས་འབེབ་ཅིང་། ཁྱོད་རྣམས་ཀྱི་དཀོན་མཆོག་ཡ་ཝཱེས་ཁྱོད་ཅག་ལ་གནང་བའི་ཡུལ་དུ་ཁོང་གིས་ཁྱོད་ཅག་ལ་བྱིན་རླབས་གནང་ངེས་ཡིན།
9 གལ་སྲིད་ཁྱོད་རྣམས་ཀྱིས་ཁྱོད་ཅག་གི་དཀོན་མཆོག་ཡ་ཝཱེའི་བཀའ་རྣམས་བསྲུངས་ཏེ། ཁོང་གི་ཕེབས་ལམ་དུ་བསྐྱོད་པ་ཡིན་ན། ཁོང་གིས་ཁྱོད་ཅག་ལ་ཇི་ལྟར་མནའ་བཞེས་པ་བཞིན། ཁྱོད་རྣམས་ཁོང་གི་འབངས་མི་དམ་པ་རུ་མཛད་ངེས།
10 ཡང་ས་སྟེང་གི་མི་ཐམས་ཅད་ཀྱིས་ཁྱོད་ཅག་ནི་དཀོན་མཆོག་ཡ་ཝཱེའི་མཚན་ལ་གཏོགས་པའི་མི་ཡིན་པ་མཐོང་སྟེ། ཁོ་ཚོ་ཁྱོད་རྣམས་ལ་འཇིགས་པར་འགྱུར།
11 དཀོན་མཆོག་ཡ་ཝཱེས་ཁྱོད་རྣམས་ཀྱི་ཕ་མེས་རྣམས་ལ་མནའ་དང་བཅས་ཞལ་བཞེས་གནང་བའི་ཡུལ་དུ། ཁོང་གིས་ཁྱོད་རྣམས་ཀྱི་རུས་རྒྱུད་དང་ཕྱུགས་ཀྱི་འཕེལ་ཐོག་དང་། ཞིང་གི་ལོ་ཏོག་བཅས་ཐམས་ཅད་རྒྱས་པར་བྱའོ། །
12 དཀོན་མཆོག་ཡ་ཝཱེས་ཁོང་གི་ནམ་མཁའི་གཏེར་མཛོད་ཀྱི་སྒོ་མོ་ཁྱོད་རྣམས་ལ་ཕྱེས་ཏེ། དུས་ལྟར་ཁྱོད་རྣམས་ཀྱི་ཡུལ་དུ་ཆར་ཆུ་འབེབ་པ་དང་། ཁྱོད་རྣམས་ཀྱི་ལག་ནས་སྒྲུབ་པ་ཐམས་ཅད་ལ་བྱིན་རླབས་མཛད་ཅིང་། ཁྱོད་རྣམས་ཀྱིས་མི་རིགས་མང་པོར་བུ་ལོན་བཏང་ནའང་། ཁྱོད་ཅག་གིས་དེ་དག་ནས་བུ་ལོན་གཡར་མི་དགོས།
13 ཁྱོད་རྣམས་ཀྱི་དཀོན་མཆོག་ཡ་ཝཱེའི་བཀའ་རྒྱ་སྟེ་ངས་དེ་རིང་ཁྱོད་ཅག་ལ་བསྒོས་པ་རྣམས་ལ་མཉན་པ་དང་། དེ་བསྲུངས་ནས་བསྒྲུབས་པ་ཡིན་ན། དཀོན་མཆོག་ཡ་ཝཱེས་ཁྱོད་ཅག་དབུ་རུ་མཛད་པ་ལས་མཇུག་མ་རུ་མི་མཛད་ཅིང་། ཁྱོད་རྣམས་གོང་དུ་འཇོག་པ་ལས་ཞོལ་དུ་མི་བསྐྱུར་རོ། །
14 ལྷ་གཞན་དག་གི་རྗེས་སུ་འབྲངས་ནས་དེ་དག་ལ་བསྙེན་བཀུར་མི་བྱ་བའི་ཆེད་དུ། ངས་དེ་རིང་ཁྱོད་ཅག་ལ་བསྒོས་པའི་གཏམ་གང་ལས་ཀྱང་གཡས་སམ་གཡོན་དུ་གཟུར་བར་མི་བྱའོ། །
བཀའ་མི་བརྩི་མཁན་ལ་དམོད་མོ་ཕོག་པ།
15 གལ་སྲིད་ཁྱོད་རྣམས་ཀྱི་དཀོན་མཆོག་ཡ་ཝཱེའི་གསུང་ལ་མི་ཉན་ཞིང་། ངས་དེ་རིང་ཁྱོད་རྣམས་ལ་གདམས་པའི་བཀའ་རྒྱ་དང་སྒྲིག་ཁྲིམས་རྣམས་མི་བསྲུང་མི་བསྒྲུབ་ན། དམོད་པ་འདི་ཐམས་ཅད་ཁྱོད་རྣམས་ལ་ཕོག་ཅིང་དེས་ཁྱོད་ཅག་ཟིན་པར་འགྱུར།
16 ཁྱོད་རྣམས་ལ་གྲོང་ཁྱེར་ནས་དམོད་པ་ཕོག་ཅིང་། ས་ཞིང་ནས་ཀྱང་དམོད་པ་ཕོག
17 ཁྱོད་རྣམས་ཀྱི་གཟེབ་དང་རྫི་གཞོང་ལ་དམོད་པ་ཕོག
18 ཁྱོད་རྣམས་ཀྱི་རུས་རྒྱུད་དང་། ཞིང་གི་ལོ་ཏོག་དང་། བ་གླང་གི་འཕེལ་ཐོག་དང་། ར་ལུག་གི་འཕེལ་ཀ་རྣམས་ལ་དམོད་པ་ཕོག
19 ཁྱོད་རྣམས་ནང་ལ་ཡོང་དུས་དམོད་པ་ཕོག་ཅིང་། ཕྱི་ལ་འགྲོ་དུས་ཀྱང་དམོད་པ་ཕོག་གོ །
20 ཁྱོད་རྣམས་ཀྱིས་ལས་ངན་པ་བྱས་ནས་ང་རང་སྤངས་པ་ཡིན་པས། ཁྱོད་རྣམས་མགྱོགས་པོར་ནུབ་ཅིང་མེད་པར་འགྲོ་བའི་བར་དུ། ཁྱོད་རྣམས་ཀྱིས་ལག་ནས་ཅི་བསྒྲུབས་ཀྱང་། དཀོན་མཆོག་ཡ་ཝཱེས་ཁྱོད་ཅག་ལ་དམོད་པ་དང་རྙོག་ཟིང་། བཀའ་བཀྱོན་བཅས་འབེབ་པར་འགྱུར།
21 དཀོན་མཆོག་ཡ་ཝཱེས་ཁྱོད་རྣམས་བདག་གིར་ལེན་པར་འགྲོ་བའི་ཡུལ་དུ་མེད་པར་མཛད་པའི་བར་དུ། ཁྱོད་རྣམས་ལ་ནད་ཡམས་ཆེན་པོ་འབྱུང་བར་བྱ་སྟེ།
22 དཀོན་མཆོག་ཡ་ཝཱེས་ཁྱོད་རྣམས་ལ་གློ་ནད་དང་། ཚ་ནད་དང་། འདར་ནད་དང་། གཉན་ཚད་དང་། འཐབ་འཁྲུག་དང་། ཐན་པ་དང་། གཡའ་སྤུ་བཅས་འབྱུང་དུ་བཅུག་སྟེ། ཁྱོད་ཅག་རྩ་མེད་འགྲོ་བའི་བར་དུ་ནད་རིགས་དེ་དག་གིས་ཁྱོད་རྣམས་འདེད་ངེས་ཡིན།
23 ཁྱོད་རྣམས་ཀྱི་མགོ་ཐོག་གི་ནམ་མཁའ་ནི་ལི་དང་། ཁྱོད་རྣམས་ཀྱི་རྐང་འོག་གི་ས་གཞི་ནི་ལྕགས་ལྟར་འགྱུར།
24 དཀོན་མཆོག་ཡ་ཝཱེས་ཁྱོད་རྣམས་ཀྱི་ཡུལ་གྱི་ཆར་བ་ཐལ་རྡུལ་ལ་བསྒྱུར་ནས། ཁྱོད་རྣམས་མེད་པར་མ་བཏང་བར་དུ་ནམ་མཁའ་ནས་ཁྱོད་རྣམས་ཀྱི་སྟེང་དུ་ས་རྡུལ་འབབ་བོ། །
25 དཀོན་མཆོག་ཡ་ཝཱེས་ཁྱོད་ཅག་དགྲ་རྣམས་ཀྱི་མདུན་དུ་ཕམ་པར་མཛད་ཅིང་། ཁྱོད་རྣམས་ལམ་གཅིག་ནས་དེ་དག་ལ་རྒོལ་བར་སོང་ནའང་། དེ་དག་གི་མདུན་དུ་ཁྱོད་རྣམས་ལམ་བདུན་ནས་འབྲོ་བ་དང་། ས་གཞིའི་རྒྱལ་ཁམས་ཐམས་ཅད་ཁྱོད་རྣམས་ལ་འཇིགས་པར་འགྱུར།
26 ཁྱོད་རྣམས་ཀྱི་བེམ་པོ་ནི་བར་སྣང་གི་འདབ་ཆགས་དང་ས་གཞིའི་གཅན་གཟན་རྣམས་ཀྱི་ཁ་ཟས་བྱེད་ཅིང་། དེ་དག་དཀྲོགས་ནས་བདའ་མཁན་གཅིག་ཀྱང་མེད་དོ། །
27 དཀོན་མཆོག་ཡ་ཝཱེས་ཁྱོད་རྣམས་ལ་ཨེ་ཅིབ་ཡུལ་གྱི་གཉན་ནད་དང་གཞང་འབྲུམ་དང་། པགས་ནད་དང་ཟ་འཕྲུག་སོགས་གསོ་ཐབས་མེད་པའི་ན་ཚ་ཕོག་པར་མཛད།
28 དཀོན་མཆོག་ཡ་ཝཱེས་ཁྱོད་རྣམས་ལ་སྨྱོ་ནད་དང་། ལོང་པ་དང་སྙིང་ཁམས་འཁྲུག་པ་བཅས་ཀྱི་ན་ཚ་ཕོག་པར་མཛད།
29 མི་ལོང་པ་ཞིག་གིས་མུན་ནག་ནང་དུ་ལག་ཉུལ་བྱེད་པ་ཇི་བཞིན། ཁྱོད་རྣམས་ཀྱིས་ཉིན་གུང་གི་སྐབས་སུ་ལག་ཉུལ་བྱེད་ཅིང་། རང་གི་ལམ་ལ་བཀྲ་མི་ཤིས། རྟག་པར་བརྙས་བཅོས་དང་འཕྲོག་བཅོམ་ཐེབས་ངེས་ལ། ཁྱོད་ཅག་སྐྱོབ་མཁན་སུ་ཡང་མེད་དོ། །
30 ཁྱོད་རྣམས་ཀྱིས་བུད་མེད་ཅིག་དང་གཉེན་རྟགས་བརྒྱབ་ནའང་མི་གཞན་གྱིས་དེ་ལ་བཙན་གཡེམ་བྱེད། ཁྱོད་རྣམས་ཀྱིས་ཁང་པ་བརྩིགས་ཀྱང་ཁྱོད་ཅག་དེའི་ནང་དུ་འདུག་མི་ཐུབ། ཁྱོད་རྣམས་ཀྱིས་རྒུན་ཚལ་བཙུགས་ཀྱང་དེའི་འབྲས་བུ་ལོངས་སུ་སྤྱོད་མི་ཐུབ།
31 ཁྱོད་རྣམས་ཀྱི་བ་གླང་ཁྱོད་ཅག་གི་མིག་ལམ་ནས་བཤས་ཀྱང་དེའི་ཤ་བཟའ་མི་ཐུབ། ཁྱོད་རྣམས་ཀྱི་བོང་བུ་ཁྱོད་ཅག་གི་མདུན་ནས་ཕྲོགས་ཏེ་ཁྲིད་ན་ཡང་དེ་ཁྱོད་རྣམས་ལ་ཕྱིར་མི་འཐོབ། ཁྱོད་རྣམས་ཀྱི་ར་ལུག་གི་ཁྱུ་ཁྱོད་ཅག་གི་དགྲ་རྣམས་ལ་སྤྲོད་ཅིང་དེ་སྐྱོབ་མཁན་སུ་ཡང་མེད།
32 ཁྱོད་རྣམས་ཀྱི་བུ་དང་བུ་མོ་རྣམས་མི་རིགས་གཞན་ལ་སྤྲོད་པ་དང་། ཁྱོད་རྣམས་ཀྱིས་ཉིན་རེར་རེ་ལྟོས་བྱས་ནས་མིག་དབང་ཉམས་པའི་ཚད་ལ་སླེབས་ནའང་། ཁྱོད་རྣམས་ཀྱིས་ཁོ་ཚོ་སྐྱོབ་མི་ནུས།
33 ཁྱོད་རྣམས་ཀྱི་ཞིང་གི་ལོ་ཏོག་དང་། ཁྱོད་རྣམས་ཀྱིས་དཀའ་ལས་བརྒྱབ་ནས་ཐོབ་པའི་ཐོན་འབྲས་ཐམས་ཅད་ཁྱོད་ཅག་གིས་མི་ཤེས་པའི་མི་རིགས་ཤིག་གིས་བཟའ་བར་འགྱུར་ཞིང་། ཁྱོད་རྣམས་ལ་དུས་རྒྱུན་བརྙས་བཅོས་དང་བཙན་གནོན་འབའ་ཞིག་འབྱུང་བའོ། །
34 ཁྱོད་རྣམས་ཀྱི་མིག་གིས་གང་ཞིག་མཐོང་བ་ཡིས་ཁྱོད་རྣམས་སྨྱོ་བར་བྱེད།
35 དཀོན་མཆོག་ཡ་ཝཱེས་ཁྱོད་རྣམས་ཀྱི་པུས་མོ་དང་རྐང་པར་གཉན་ནད་དེ། ན་ཟུག་གསོ་ཐབས་མེད་པ་བསྐྱེད་ནས་རྐང་མཐིལ་ནས་སྤྱི་བོའི་བར་ལ་འབྱུང་དུ་འཇུག་གོ །
36 དཀོན་མཆོག་ཡ་ཝཱེས་ཁྱོད་རྣམས་དང་ཁྱོད་ཅག་གིས་རང་གི་ཆེད་དུ་བསྐོས་པའི་རྒྱལ་པོ་ནི་ཁྱོད་རྣམས་དང་ཁྱོད་ཅག་གི་ཕ་མེས་རྣམས་ཀྱིས་ངོ་མི་ཤེས་པའི་མི་རིགས་ཀྱི་རྩར་འཁྲིད་པ་དང་། དེར་ཁྱོད་རྣམས་ཀྱིས་ཤིང་དང་རྡོ་ནས་བཟོས་པའི་ལྷ་གཞན་དག་ལ་བསྙེན་བཀུར་བྱེད་པར་འགྱུར།
37 དཀོན་མཆོག་ཡ་ཝཱེས་ཁྱོད་རྣམས་གནས་གང་དུ་ཁྲིད་ཀྱང་དེའི་མི་ཐམས་ཅད་ཀྱི་ཁྲོད་དུ། ཁྱོད་རྣམས་ནི་སྐྲག་དགོས་ས་དང་། ཁ་དཔེ་དང་ཟུར་ཟ་བྱེད་ཡུལ་དུ་འགྱུར་རོ། །
38 ཁྱོད་རྣམས་ཀྱིས་ཞིང་ལ་ས་བོན་མང་པོ་བཏབ་ཀྱང་། འབུ་ཆ་ག་པས་དེ་ཁྱུར་མིད་གཏོང་བས་ཁྱོད་རྣམས་ཀྱིས་ཉུང་ཙམ་ལས་བསྡུ་མི་ནུས།
39 རྒུན་ཚལ་བཙུགས་ནས་ཉར་ནའང་། འབུ་རྣམས་ཀྱིས་དེ་ཟོས་ཚར་བས་ཁྱོད་རྣམས་ཀྱིས་རྒུན་འབྲུམ་བསྡུ་མི་ནུས་ལ་རྒུན་ཆང་ཡང་འཐུང་མི་ཐུབ།
40 ཁྱོད་རྣམས་ཀྱི་ཡུལ་ཁམས་ཡོངས་སུ་སྐྱུ་རུ་རའི་སྡོང་པོ་ཡོད་ཀྱང་། ཁྱོད་རྣམས་ཀྱི་སྐྱུ་རུ་ར་རྣམས་ས་ལ་ལྷུང་བས་ལུས་ལ་བསྐུ་བའི་སྣུམ་མེད་དོ། །
41 ཁྱོད་རྣམས་ལ་བུ་དང་བུ་མོ་ཡོད་ཀྱང་དེ་དག་གཞན་གྱིས་བཙན་གྱིས་འཁྲིད་པས་ཁྱོད་ཅག་ལ་མི་དབང་།
42 ཁྱོད་རྣམས་ཀྱི་ཤིང་སྡོང་དང་ཁྱོད་རྣམས་ཀྱི་ཞིང་གི་ལོ་ཏོག་ཐམས་ཅད་གནོད་འབུ་ཡིས་བཟའ་བར་འགྱུར།
43 ཁྱོད་རྣམས་ཀྱི་དབུས་སུ་ཡོད་པའི་བྱེས་པ་རྣམས་མཐོན་པོར་གྱུར་ནས་ཁྱོད་ཅག་གི་གོང་ནས་གོང་དུ་འབུད་པ་དང་། ཁྱོད་རྣམས་རྒུད་པར་གྱུར་ནས་ཇེ་དམའ་ནས་ཇེ་དམའ་རུ་འགྲོ།
44 དེ་ཚོས་ཁྱོད་རྣམས་ལ་དངུལ་བསྐྱིས་ནའང་ཁྱོད་རྣམས་ཀྱིས་དེ་དག་ལ་གཡར་མི་ནུས། དེ་དག་ནི་མགོ་དང་ཁྱོད་རྣམས་ནི་མཇུག་མ་ཡིན་ནོ། །
45 དེ་ཡང་ཁྱོད་རྣམས་ཀྱིས་ཁྱོད་ཅག་གི་དཀོན་མཆོག་ཡ་ཝཱེའི་གསུང་ལ་མ་མཉན་ཞིང་། ཁོང་གིས་ཁྱོད་རྣམས་ལ་བསྒོས་པའི་བཀའ་རྒྱ་དང་སྒྲིག་ཁྲིམས་རྣམས་མ་བསྲུངས་པས། ཁྱོད་རྣམས་མེད་པར་མ་གྱུར་བར་དུ། དམོད་པ་འདི་ཐམས་ཅད་ཁྱོད་ཅག་གི་སྟེང་དུ་འཁོར་ཞིང་། ཁྱོད་རྣམས་དེད་ནས་འཛིན་ངེས་ཡིན།
46 དམོད་པ་དེ་དག་ནི་ཁྱོད་རྣམས་དང་ཁྱོད་རྣམས་ཀྱི་བུ་རྒྱུད་ལ་དུས་རྟག་ཏུ་རྟགས་མཚན་དང་དོན་ངོ་མཚར་ཅན་དུ་གནས་པར་འགྱུར་རོ། །
47 ཁྱོད་རྣམས་ལ་རྒྱུ་ལོངས་སྤྱོད་ཐམས་ཅད་འབྱོར་བའི་དུས་སུ་དགའ་ཞིང་སྤྲོ་བའི་ངང་ཁྱོད་ཅག་གི་དཀོན་མཆོག་ཡ་ཝཱེ་ལ་བསྙེན་བཀུར་མ་བྱས་པའི་རྐྱེན་གྱིས།
48 ཁྱོད་རྣམས་ཀྱིས་ལྟོགས་སྐོམ་དང་གོས་མེད་གཅེར་བུ། དབུལ་ཕོངས་བཅས་ཀྱི་གནས་སུ། དཀོན་མཆོག་ཡ་ཝཱེས་ཁྱོད་རྣམས་ལ་རྒོལ་བར་མངགས་པའི་ཁྱོད་ཅག་གི་དགྲ་རྣམས་ལ་གཡོག་བྱེད་པ་དང་། དེས་ཁྱོད་རྣམས་མེད་པར་མ་བྱས་བར་དུ། ཁྱོད་རྣམས་ཀྱི་གཉའ་ལ་ལྕགས་ཀྱི་གཉའ་ཤིང་འགེལ་ལོ། །
49 དཀོན་མཆོག་ཡ་ཝཱེས་རྒྱང་ཐག་རིང་བའི་ས་མཐའ་ནས་གླག་ལྟར་འཕུར་ཡོང་ནས་ཁྱོད་རྣམས་ལ་རྒོལ་བའི་མི་རིགས་ཤིག་འཁྲིད་འོང་ངེས་ལ། ཁྱོད་རྣམས་ཀྱིས་མི་རིགས་དེའི་སྐད་མི་གོ་ཞིང་།
50 མི་རིགས་དེའི་གདོང་འཇིགས་སུ་རུང་ཞིང་རྒན་པ་རྣམས་ལ་བཀུར་བ་དང་ན་གཞོན་རྣམས་ལ་སྙིང་རྗེ་མི་བྱེད།
51 དེ་དག་གིས་ཁྱོད་རྣམས་མེད་པར་མ་གྱུར་བར་དུ་ཁྱོད་ཅག་གི་ཕྱུགས་ཀྱི་འཕེལ་ཐོག་དང་ཞིང་གི་ལོ་ཏོག་བཟའ་བ་དང་། ཁྱོད་རྣམས་ཚར་མ་བཅད་བར་དུ། ཁྱོད་རྣམས་ལ་འབྲུ་རིགས་དང་རྒུན་ཆང་གསར་པ་དང་། སྣུམ་གསར་པ་དང་། བ་གླང་གི་འཕེལ་ཐོག་དང་། ར་ལུག་གི་འཕེལ་ཀ་བཅས་ལུས་པར་མི་བྱའོ། །
52 ཁྱོད་རྣམས་ཀྱི་ཡུལ་ཁམས་ཡོངས་སུ་ཁྱོད་ཅག་བརྟེན་སའི་ལྕགས་རི་མཐོ་ཞིང་སྲ་བ་རྣམས་མ་འགྱེལ་བར་དུ། ཁྱོད་རྣམས་ཀྱི་གྲོང་ཁྱེར་ཐམས་ཅད་བསྐོར་ནས་ཡོང་། ཁོ་ཚོས་ཁྱོད་ཅག་གི་དཀོན་མཆོག་ཡ་ཝཱེས་ཁྱོད་རྣམས་ལ་གནང་བའི་ཡུལ་ཁམས་ཡོངས་ཀྱི་གྲོང་ཁྱེར་མཐའ་དག་བསྐོར་བར་བྱེད།
53 དགྲ་ཡིས་ཁྱོད་རྣམས་མཐའ་ནས་བསྐོར་ཞིང་ཁྱོད་ཅག་སྡུག་ལ་སྦྱོར་བའི་དུས་སུ། ཁྱོད་རྣམས་ཀྱིས་རང་གི་ཤ་རུས་ལས་སྐྱེས་པ་སྟེ་ཁྱོད་ཅག་གི་དཀོན་མཆོག་ཡ་ཝཱེས་ཁྱོད་རྣམས་ལ་གནང་བའི་བུ་དང་བུ་མོ་རྣམས་ཀྱི་ཤ་བཟའ་བའི་ཚད་ལ་བསླེབ་ངེས་ཡིན།
54 ཁྱོད་ཅག་ཁྲོད་ཀྱི་སྐྱེས་པ་གཤིས་འཇམ་ཉམས་ཞན་རྣམས་ཀྱིས་ཀྱང་རང་གི་སྤུན་ཟླ་དང་གཅེས་པའི་ཆུང་མ། ཤུལ་ལུས་ཀྱི་བུ་ཕྲུག་རྣམས་དགྲ་རུ་འཛིན་པ་དང་།
55 ཁྱོད་ཅག་གི་དགྲ་རྣམས་ཀྱིས་ཁྱོད་ཅག་གྲོང་ཁྱེར་རྣམས་སུ་བསྐོར་ནས་ཁྱོད་རྣམས་སྡུག་ལ་སྦྱོར་བའི་དུས་སུ། ཁོ་ལ་ཅི་ཡང་ལུས་མེད་པས། ཁོས་རང་གི་བུ་ཕྲུག་གི་ཤ་བཟའ་བར་འགྱུར་ཞིང་སུ་ཞིག་ལའང་རང་གི་བུ་ཕྲུག་གི་ཤ་མི་སྟེར།
56 ཁྱོད་ཅག་ཁྲོད་ཀྱི་བུད་མེད་གཤིས་འཇམ་ཉམས་ཞན་རྣམས་ནི། སྔར་ནས་གཤིས་རྒྱུད་འཇམ་ཞིང་ཉམས་ཞན་ཡིན་པས་རྐང་པ་ས་ལ་སྤོ་མི་འདོད་ཀྱང་། ད་ནི་རང་གི་གཅེས་པའི་ཁྱོ་ག་དང་བུ་དང་བུ་མོ་རྣམས་དགྲ་རུ་འཛིན་པར་འགྱུར།
57 ཁྱོད་རྣམས་ཀྱི་དགྲ་རྣམས་ཀྱིས་ཁྱོད་ཅག་གྲོང་ཁྱེར་རྣམས་སུ་བསྐོར་ནས་ཁྱོད་རྣམས་སྡུག་ལ་སྦྱོར་བའི་དུས་སུ། ཁོ་མོར་ཅི་ཡང་མེད་པར་གྱུར་པས། ཁོ་མོས་གསང་བའི་སྒོ་ནས་རང་གི་བརླ་བར་ནས་ལྷུང་བའི་བུ་རོགས་དང་རང་གིས་བཙས་པའི་བུ་ཕྲུག་བཟའ་བར་ངེས་སོ། །
58 གལ་སྲིད་ཁྱོད་རྣམས་ཀྱིས་གླེགས་བམ་འདིར་བཀོད་པའི་བཀའ་ཁྲིམས་ཐམས་ཅད་ནན་སྲུང་མི་བྱེད་པ་དང་། བརྗིད་ཉམས་ཅན་དང་འཇིགས་རྔམ་ཅན་གྱི་མཚན་ཏེ་ཁྱོད་ཅག་གི་དཀོན་མཆོག་ཡ་ཝཱེ་ལ་མི་འཇིགས་མི་གུས་ན།
59 དཀོན་མཆོག་ཡ་ཝཱེས་ཁྱོད་རྣམས་དང་ཁྱོད་ཅག་གི་བུ་རྒྱུད་རྣམས་ལ་ཆག་སྒོ་ཧང་སངས་པ་འབྱུང་བར་བྱ་སྟེ། ཆག་སྒོ་ཆེན་པོས་དུས་གཏན་དུ་མནར་བ་དང་། གཉན་ནད་ངན་པས་དུས་ནམ་ཡང་གཏོང་བར་མི་འགྱུར་རོ། །
60 ཁྱོད་རྣམས་འཇིགས་པའི་ཨེ་ཅིབ་ཡུལ་གྱི་ནད་ཡམས་སྣ་ཚོགས་ཁྱོད་ཅག་ལ་འབྱུང་བར་མཛད་ཅིང་དེ་དག་ཁྱོད་ཅག་ལ་དམ་པོར་འབྱར་བའོ། །
61 ཡང་ཁོང་གིས་ཁྱོད་རྣམས་མ་འཇིག་བར་དུ། བཀའ་ཁྲིམས་ཀྱི་གླེགས་བམ་འདིའི་ནང་བཀོད་མེད་པའི་ནད་ཡམས་དང་ཆག་སྒོ་སྣ་ཚོགས་ཁྱོད་རྣམས་ཀྱི་སྟེང་ལ་འདྲེན་པར་ངེས།
62 ཁྱོད་རྣམས་ཀྱིས་ཁྱོད་ཅག་གི་དཀོན་མཆོག་ཡ་ཝཱེའི་བཀའ་མ་བརྩིས་པས། སྔར་ཁྱོད་ཅག་གི་མི་གྲངས་ནི་ནམ་མཁའི་སྐར་ཚོགས་དང་འདྲ་ཡང་། ད་ལྟ་ཤུལ་དུ་ལུས་པའི་མི་གྲངས་ནི་ཧ་ཅང་ཉུང་ཉུང་ཡིན།
63 སྔར་དཀོན་མཆོག་ཡ་ཝཱེ་ནི་ཁྱོད་རྣམས་ལ་བཀའ་དྲིན་མཛད་དེ་ཁྱོད་ཅག་རྒྱས་པར་མཛད་པ་ལ་ཇི་ལྟར་ཐུགས་དགྱེས་པ་ནང་བཞིན། ཕྱིས་སུ་ཁོང་ནི་ཁྱོད་རྣམས་ནུབ་ནས་མེད་པར་མཛད་པ་ལའང་དེ་བཞིན་ཐུགས་དགྱེས་པར་ངེས་ཤིང་། ཁྱོད་ཚོ་བདག་གིར་འཛིན་དུ་འགྲོ་བའི་ཡུལ་དུ་རྩ་བ་ནས་འབལ་བར་འགྱུར་རོ། །
64 དེ་ཡང་དཀོན་མཆོག་ཡ་ཝཱེས་ཁྱོད་རྣམས་ས་གཞི་ཆེན་པོའི་མཐའ་གཅིག་ནས་མཐའ་གཞན་བར་དུ། མི་རིགས་ཐམས་ཅད་ཀྱི་ཁྲོད་དུ་གཏོར་བ་དང་། དེ་རུ་ཁྱོད་རྣམས་དང་ཁྱོད་ཅག་གི་ཕ་མེས་རྣམས་ལ་རྒྱུས་མི་མངའ་བའི་ཤིང་དང་རྡོ་ཡིས་བཟོས་པའི་ལྷ་གཞན་དག་ལ་བསྙེན་བཀུར་བྱེད་པར་འགྱུར།
65 མི་རིགས་དེ་དག་གི་ཁྲོད་དུ་ཁྱོད་རྣམས་ཀྱི་སེམས་ལྷོད་ལ་འབབ་མི་ཐུབ་ཅིང་། ཁྱོད་རྣམས་ཀྱི་རྐང་པ་སར་བཞག་ནས་ངལ་གསོ་སའི་གནས་ཀྱང་མི་རྙེད་ལ། དེ་རུ་དཀོན་མཆོག་ཡ་ཝཱེས་ཁྱོད་རྣམས་ལ་འཇིགས་སྣང་གི་སེམས་དང་ཉམས་ཤིང་རྒུད་པའི་མིག་མདངས། རེ་ཐག་ཆད་པའི་བློ་བཅས་གནང་བར་བྱེད།
66 ཁྱོད་རྣམས་ཀྱི་མ་འོངས་པའི་ཚེ་སྲོག་ལ་ངེས་གཏན་མེད་ཅིང་། ཉིན་མཚན་མེད་པར་དངངས་ཏེ་འཚོ་གནས་ངེས་མེད་ཡིན་པ་དང་།
67 ཁྱོད་རྣམས་སེམས་ཀྱི་དངངས་སྐྲག་དང་ཁྱོད་ཅག་མིག་གིས་མཐོང་བའི་སྣང་ཚུལ་གྱི་དབང་གིས། ཞོགས་པའི་དུས་སུ་ཁྱོད་རྣམས་ཀྱིས་ད་ནི་དགོང་མོ་ཡིན་ན་ལེགས་པ་དང་། དགོང་མོའི་དུས་སུ་ཁྱོད་རྣམས་ཀྱིས་ད་ནི་ཞོགས་པ་ཡིན་ན་ལེགས་སོ་ཞེས་བརྗོད་ངེས།
68 ཡང་དཀོན་མཆོག་ཡ་ཝཱེས་ཁྱོད་རྣམས་གྲུ་གཟིངས་ལ་བཞག་ནས་ཕྱིར་ཨེ་ཅིབ་ཡུལ་དུ་བསྐྱལ་ངེས་ཏེ། ངས་དེ་སྔར་ཁྱོད་རྣམས་ལ་ལམ་དེ་ནི་ཁྱོད་ཅག་གིས་སླར་ཡང་མཐོང་བར་མི་འགྱུར་ཞེས་སྨྲས་པ་ཡིན། ཡུལ་དེ་རུ་ཁྱོད་ཅག་གིས་རང་ཉིད་དགྲ་རྣམས་ལ་བྲན་པོ་དང་བྲན་མོ་རུ་བཙོང་བར་འགྱུར་ཡང་། སུས་ཀྱང་ཁྱོད་རྣམས་ཉོ་བར་མི་བྱེད་དོ་ཞེས་སྨྲས་སོ། །