ལེའུ་སོ་གསུམ་པ།
མོ་ཤེའི་མཐར་མཇུག་གི་བྱིན་རླབས།
འདི་ནི་དཀོན་མཆོག་གི་སྐྱེས་བུ་མོ་ཤེ་ཚེ་ལས་མ་འདས་པའི་སྔོན་དུ། ཡེས་ར་ཨེལ་པ་རྣམས་ལ་གནང་བའི་བྱིན་རླབས་ཡིན་ཏེ། ཁོང་གིས་འདི་ལྟར། ཡ་ཝཱེ་རི་བོ་སི་ནཱ་ནས་ཕེབས་ཤིང་། ། སེ་ཨིར་ཡུལ་ནས་ཁོ་ཚོར་འོད་ཟེར་སྤྲོས། ། རི་བོ་ཕཱ་རན་ཕྱོགས་ནས་འོད་དུ་བཀྲམས། ། སྐྱེས་བུ་དམ་པ་ཁྲི་ཕྲག་མཉམ་དུ་ཕེབས། ། མེ་དཔུང་བཀའ་ཁྲིམས་ཕྱག་གཡས་སུ་ཐོགས་སོ། ། ཁྱེད་ནི་དངོས་གནས་རང་གི་མི་ལ་བྱམས། ། སྐྱེས་བུ་དམ་པ་ཁྱེད་ཀྱི་ཕྱག་ཏུ་གནས། ། ཁྱེད་ཀྱི་ཞབས་དྲུང་ཁོ་རྣམས་གུས་ཕྱག་འབུལ། ། ཀུན་གྱིས་ཁྱེད་ཀྱི་བཀའ་རྣམས་ཉམས་ལེན་བྱ། ། མོ་ཤེས་ང་ཚོར་བཀའ་ཁྲིམས་བསླབས་པ་དང་། ། དེ་ནི་ཡ་ཀོབ་ཚོགས་ཀྱི་ནོར་སྐལ་ཡིན། ། དམངས་ཀྱི་འགོ་གཙོ་ཡེས་ར་ཨེལ་པ་ཡི། ། ཚོ་པ་ཁག་དང་མཉམ་དུ་འཛོམས་དུས་སུ། ། ཡ་ཝཱེ་ཡེ་ཤུ་རུན་དུ་རྒྱལ་པོར་བཞུགས། ། རུ་བེན་འཚོ་ཞིང་འཆི་བར་མི་འགྱུར་ཞིང་། ། ཁོ་ཡི་མི་གྲངས་ཉུང་དུ་མི་འཕྲི་སྨོན། །ཞེས་གསུངས་སོ། །
ཡང་ཡ་ཧུ་དཱའི་སྐོར་ལ་ཁོང་གིས་འདི་ལྟར། ཡ་ཝཱེ་ཡ་ཧུ་དཱ་ཡི་སྐད་ལ་གསོན། ། ཁོ་ནི་རང་གི་མི་རིགས་རྩར་འཁྲིད་རོགས། ། ཁོས་ནི་རང་གི་དོན་དུ་ལག་པས་འཐབ། ། ཁོ་ལ་རོགས་རམ་མཛད་ནས་དགྲ་འགོག་རོགས། །ཞེས་གསུངས་སོ། །
ཡང་ལེ་ཝིའི་སྐོར་ལ་ཁོང་གིས་འདི་ལྟར། ཁྱེད་ཀྱི་ཐུའུ་མིམ་དང་ནི་ཨུའུ་རིམ་གཉིས། ། དད་གུས་ཆེ་བའི་ལེ་ཝིར་དབང་བར་མཛོད། ། མཱ་སཱ་ཡུལ་ནས་ཁྱེད་ཀྱིས་ཚོད་བགམ་ཅིང་། ། མེ་རི་བཱ་ཡི་ཆུ་ཁར་རྩོད་གླེང་མཛད། ། ལེ་ཝི་པ་ཡིས་ཁྱེད་ཀྱི་བཀའ་བརྩིས་ཤིང་། ། ཁྱེད་ཀྱི་ཞལ་ཆད་བསྲུངས་པའི་དབང་གིས་ནི། ། རང་གི་ཕ་མའི་སྐོར་ལ་འདི་ལྟར་སྨྲས། ། ངེད་ཀྱིས་ཁོང་ཚོར་ལྟ་སྐྱོང་བྱས་པ་མིན། ། རང་གི་སྤུན་ཟླ་རྣམས་ཀྱང་ཁས་མ་བླངས། ། རང་གི་བུ་ཕྲུག་རྣམས་ཀྱང་ངོ་མི་ཤེས། ། * 10 ཁོ་ཚོས་ཡ་ཀོབ་ལ་ནི་སྲོལ་ཡིག་དང་། ། ཡེས་ར་ཨེལ་ལ་ཁྱེད་ཀྱི་བཀའ་ཁྲིམས་སྟོན། ། ཁོ་ཚོས་ཁྱེད་ཀྱི་དྲུང་དུ་བདུག་སྤོས་འཇོག ། སྦྱིན་སྲེག་ཁ་ཚང་ཁྱེད་ཀྱི་མཆོད་ཁྲིར་འབུལ། ། 11 ཀྱེ་ཀྱེ་ཡ་ཝཱེ་ཁྱེད་ཀྱིས་དེའི་ནུས་པར། ། བྱིན་གྱིས་བརླབས་ཤིང་ལག་ནས་སྒྲུབ་པ་ཡི། ། ལས་ཀ་རྣམས་ལ་ཁྱེད་ཐུགས་དགྱེས་པར་མཛོད། ། ལངས་ནས་ཁོ་ཚོར་ངོ་རྒོལ་བྱེད་པ་དང་། ། སྡང་མཁན་རྣམས་ཀྱི་སྐེད་པ་བཅག་ནས་ནི། ། དེ་རྣམས་ཡང་བསྐྱར་ལངས་ཐབས་མེད་པར་མཛོད། །ཅེས་གསུངས་སོ། །
12 ཡང་པེན་ཡཱ་མེན་གྱི་སྐོར་ལ་ཁོང་གིས་འདི་ལྟར། ཡ་ཝཱེས་གཅེས་པ་ཁོང་གི་འཁྲིས་སུ་བདེ་བར་གནས། ། ཁོང་གིས་ཉི་མ་གང་པོར་དེ་ལ་སྐྱབས་མཛད་ཅིང་། ། དེ་ནི་ཁོང་གི་ཕྲག་པ་གཉིས་ཀྱི་དབར་ནས་སྡོད། །ཅེས་གསུངས་སོ། །
13 ཡང་ཡོ་སེབ་ཀྱི་སྐོར་ལ་ཁོང་གིས་འདི་ལྟར། ས་ལ་ཡ་ཝཱེའི་བྱིན་རླབས་འཐོབ་གྱུར་ཅིག ། གནམ་ནས་འབབ་པའི་ལེགས་སྐྱེས་རིན་ཆེན་དང་། ། ས་ཡི་གཏིང་ནས་ཐོན་པའི་ཆུ་མིག་དང་། ། 14 ཉི་མས་བསྐྱེད་པའི་འབྲས་བུ་མཆོག་གྱུར་དང་། ། ཟླ་བས་བསྐྱེད་པའི་ཐོན་འབྲས་ཕུལ་བྱུང་ཅན། ། 15 གནའ་ཡི་རི་བོའི་རྩི་ཤིང་མཆོག་རྣམས་དང་། ། རྟག་བརྟན་རི་ཡི་ལོ་ཏོག་རྣམས་ཀྱི་ཕུད། ། 16 ས་གཞིའི་སྐྱེ་དངོས་མཆོག་དང་ཡོད་དོ་ཅོག ། ཚེར་མའི་གསེང་དུ་བཞུགས་པའི་ཡ་ཝཱེ་ཡི། ། ཐུགས་རྗེ་བཅས་ནི་ཁོ་ལ་འཐོབ་གྱུར་ཅིག ། འདི་དག་ཡོ་སེབ་སྟེང་ལ་འབབ་པར་ཤོག ། སྤུན་ཟླའི་ཁྲོད་དུ་རྒྱལ་སྲས་ཡིན་པ་དེའི། ། སྤྱི་བོར་བྱིན་རླབས་འདི་རྣམས་འཐོབ་གྱུར་ཅིག ། 17 ཁོ་ཡི་བརྗིད་ཉམས་གླང་ཐུག་སྐྱེས་འགོ་བཞིན། ། དེ་ཡི་རྭ་ཅོ་གླང་རྒོད་རྭ་དང་མཚུངས། ། ས་མཐའི་བར་དུ་མི་རྣམས་ལ་བསྣུན་ཅིང་། ། དེ་དག་ཨེ་ཕཱར་ཡིམ་གྱི་འབུམ་ཕྲག་དང་། ། དེ་དག་མཱ་ན་ཤེ་ཡི་སྟོང་ཕྲག་ཡིན། །ཞེས་གསུངས་སོ། །
18 ཡང་ཟེ་བུ་ལུན་གྱི་སྐོར་ལ་ཁོང་གིས་འདི་ལྟར། ཟེ་བུ་ལུན་ཁྱོད་ཕྱི་རུ་དགའ་གྱུར་ཅིག ། ཡེས་སི་ཀཱར་ཡང་གུར་ནང་སྤྲོ་བར་གྱིས། ། 19 ཁོ་ཚོས་མི་རྣམས་རི་བོར་འབོད་པ་དང་། ། གནས་དེར་དྲང་བདེན་མཆོད་པ་འབུལ་བར་བྱ། ། གང་ལ་ཞེ་ན་ཁོ་ཚོར་རྒྱ་མཚོ་ནས། ། ལོངས་སྤྱོད་འཛད་མཐའ་མེད་པ་འཐོབ་འགྱུར་ཞིང་། ། བྱེ་མའི་སྦས་གཏེར་རྣམས་ཀྱང་རྙེད་ངེས་ཡིན། །ཞེས་གསུངས་སོ། །
20 ཡང་གཱ་རྡུ་ཡི་སྐོར་ལ་ཁོང་གིས་འདི་ལྟར། གཱ་རྡུ་རྒྱ་ཆེར་གཏོང་མཁན་བདེ་བར་ཤོག ། ཁོ་ནི་གཡུ་རལ་ཅན་བཞིན་འཇབ་ནས་འདུག ། དཔུང་པ་དང་ནི་མགོ་ལྤགས་འགོག་པར་བྱེད། ། 21 ཁོས་ནི་རང་ལ་ས་ཆ་གང་བཟང་བདམས། ། དམག་དཔོན་སྐལ་ནི་དེ་རུ་ཡོད་ཕྱིར་རོ། ། ཁོ་རང་འགོ་དཔོན་དང་བཅས་སླེབས་འོངས་ནས། ། ཡ་ཝཱེའི་དྲང་བདེན་དང་ནི་སྲོལ་ཡིག་སྟེ། ། ཡེས་ར་ཨེལ་དང་འབྲེལ་བ་ལག་ལེན་འདེབས། །ཞེས་གསུངས་སོ། །
22 ཡང་དཱན་གྱི་སྐོར་ལ་ཁོང་གིས་འདི་ལྟར། དཱན་ནི་སེང་དར་བཞིན་དུ་པཱ་ཤན་ཡུལ་ནས་མཆོང་། །ཞེས་གསུངས་སོ། །
23 ཡང་ནཱབ་ཐ་ལི་ཡི་སྐོར་ལ་འདི་ལྟར། ཀྱེ་ཀྱེ་ནཱབ་ཐ་ལི་ཁྱོད་ཐུགས་རྗེས་ཁྱབ། ། ཡ་ཝཱེའི་བྱིན་རླབས་ཡོངས་སུ་ཐོབ་པ་དང་། ། ནུབ་ལྷོའི་མཚམས་གཉིས་བདག་གིར་འཛིན་པ་ཡིན། །ཞེས་གསུངས་སོ། །
24 ཡང་ཨ་ཤེར་གྱི་སྐོར་ལ་ཁོང་གིས་འདི་ལྟར། ཨ་ཤེར་ཁོ་ལ་ཐོབ་པའི་བྱིན་རླབས་ནི། ། སྤུན་ཟླ་ཐམས་ཅད་ལས་ཀྱང་ལྷག་པར་ཤོག ། རང་གི་སྤུན་ཟླའི་བཀའ་དྲིན་འཐོབ་པ་དང་། ། རང་གི་རྐང་པ་སྣུམ་ལ་སྦང་གྱུར་ཅིག ། 25 ཁྱོད་ཀྱི་སྒོ་གཏན་ལི་དང་ལྕགས་ཡིན་ལ། ། ཁྱོད་ཀྱི་ཉི་མ་ཅི་ལྟར་ཡིན་ལགས་ན། ། ཁྱོད་ཀྱི་སྟོབས་ཀྱང་དེ་དང་མཉམ་པ་འོ། །
26 ཀྱེ་ཀྱེ་ཡེ་ཤུ་རུན་གྱི་དཀོན་མཆོག་དང་། ། འདྲ་མཚུངས་ཡིན་པ་སུ་ཡང་ཡོད་མ་ཡིན། ། ཁྱོད་ལ་རོགས་རམ་མཛད་པའི་ཆེད་དུ་ནི། ། ཨ་སྔོན་དགུང་གི་དབྱིངས་ལ་བཅིབས་པ་དང་། ། བརྗིད་ཉམས་དང་བཅས་བར་སྣང་ཁམས་སུ་ལྡིང་། ། 27 གཏན་གནས་དཀོན་མཆོག་ཁྱོད་ཀྱི་སྐྱབས་ཡུལ་ཡིན། ། ཁོང་གི་རྟག་བརྟན་དཔུང་པས་ཁྱོད་རང་བསྐྱོར། ། ཁོང་གིས་ཁྱོད་ཀྱི་མདུན་ནས་དགྲ་རྣམས་སྐྲོད། ། མེད་པར་གྱུར་ཅིག་ཅེས་སུ་ཁོང་གིས་གསུངས། ། 28 དེ་བས་ཡེས་ར་ཨེལ་ནི་བདེ་བར་འཚོ། ། འབྲུ་དང་རྒུན་ཆང་གསར་པ་ཐོན་པའི་ཡུལ། ། གནམ་ལས་ཟིལ་ཆར་འབབ་པའི་ས་ཆ་རུ། ། ཡ་ཀོབ་རྒྱུད་ཀྱི་རྩ་བ་འབའ་ཞིག་གནས། ། 29 ཀྱེ་ཀྱེ་ཡེས་ར་ཨེལ་ཁྱོད་བདེ་བ་ཡིན། ། ཡ་ཝཱེས་སྐྱོབ་པར་མཛད་པའི་མི་དེ་རྣམས། ། ཁྱོད་དང་འདྲ་བ་སུ་ཞིག་ཡོད་ལགས་སམ། ། ཁོང་ནི་ཁྱོད་ལ་གྲོགས་བྱེད་ཕུབ་དེ་ཡིན། ། ཁྱོད་ཀྱི་བརྗིད་ཉམས་ལྡན་པའི་རལ་གྲི་ཡིན། ། ཁྱོད་ཀྱི་དགྲ་ཡིས་ཁྱོད་ལ་མགོ་བོ་སྒུར། ། ཁྱོད་ཀྱིས་དེ་ཡི་སྒལ་བར་རྡོག་བརྫིས་གཏོང་། །ཞེས་གསུངས་པའོ། །
* ལེའུ་སོ་གསུམ་པ།:9 ཨེ་ཅིབ་ནས་ཐོན་པའི་ལེའུ་སོ་གཉིས་པའི་ཚིག་རྐང་ཉེར་བདུན་ནས་ཉེར་དགུ་བར་ལ་གཟིགས་རོགས།