ལེའུ་བརྒྱད་པ།
ཡ་ཧུ་དཱ་པ་རྣམས་ཀྱི་འགོག་རྒོལ།
1 ཉིན་མོ་དེ་ལ་རྒྱལ་པོ་ཨ་ཧཱ་ཝེ་རོ་ཡིས་ཡ་ཧུ་དཱ་པ་རྣམས་ལ་བཙན་གནོན་གཏོང་མཁན་ཧ་མཱན་གྱི་ཁྱིམ་གཞིས་ནི་རྒྱལ་མོ་ཨེས་སི་ཐེར་ལ་སྤྲད་དོ། །མོར་དོ་ཀཱ་ཨི་ཡང་རྒྱལ་པོའི་དྲུང་དུ་སླེབས། ཅི་ལ་ཞེ་ན། ཨེས་སི་ཐེར་གྱིས་མོར་དོ་ཀཱ་ཨི་དང་རང་ཉིད་ཀྱི་འབྲེལ་བ་ཅི་ཡིན་པ་རྒྱལ་པོར་ཞུས་པས་སོ། །
2 ཡང་རྒྱལ་པོས་ཧ་མཱན་གྱི་ལག་ནས་ཕྱིར་བླངས་པའི་ཉིད་ཀྱི་ཕྱག་གི་ཐམ་ག་དང་ལྡན་པའི་མཛུབ་དཀྲིས་ཕུད་ནས་དེ་མོར་དོ་ཀཱ་ཨི་ལ་གནང་ཞིང་། ཨེས་སི་ཐེར་གྱིས་ཧ་མཱན་གྱི་ཁྱིམ་གཞིས་མོར་དོ་ཀཱ་ཨི་ལ་བདག་གཉེར་བྱེད་དུ་བཅུག་གོ །
3 ཨེས་སི་ཐེར་གྱིས་སླར་ཡང་རྒྱལ་པོའི་ཞབས་དྲུང་དུ་བཏུད་ནས། སྤྱན་ཆབ་བཞུར་བཞིན་སྨྲེ་སྔགས་བཏོན་ཅིང་། ཨ་གག་པ་ཧ་མཱན་གྱིས་ཡ་ཧུ་དཱ་པ་ལ་གནོད་བསྐྱལ་བའི་གྲོས་ངན་དེ་མེད་པར་མཛད་ཕྱིར་ནན་གྱིས་ཞུས་སོ། །
4 དེ་ནས་རྒྱལ་པོས་ཨེས་སི་ཐེར་གྱི་ཕྱོགས་སུ་གསེར་གྱི་འཁར་བ་བཏེགས་པས། ཨེས་སི་ཐེར་རྒྱལ་པོའི་དྲུང་དུ་ཡར་ལངས་ནས་འདི་ལྟར།
5 གལ་ཏེ་རྒྱལ་པོ་ཐུགས་དགྱེས་ཏེ་བདག་ལ་སྙིང་རྗེས་གཟིགས་པ་དང་། ཞུ་བ་འདི་རྒྱལ་པོས་ལུགས་དང་མཐུན་པར་དགོངས་ཤིང་རྒྱལ་པོ་བདག་ལ་མོས་ན། ཨ་གག་པ་ཧམ་མེ་དཱ་ཐའི་བུ་ཧ་མཱན་གྱིས་རྒྱལ་པོའི་ལྗོངས་སོ་སོའི་ཡ་ཧུ་དཱ་པ་རྣམས་ཚར་གཅོད་པར་བཀྲམས་པའི་ལྐོག་ཇུས་ཀྱི་བཀའ་ཤོག་དེ་མེད་པར་བཟོ་ཆེད། སླར་ཡང་བཀའ་མཆིད་གནང་བར་མཛོད།
6 བདག་གི་མི་རྣམས་ལ་འབྱུང་བར་འགྱུར་བའི་གནོད་འཚེ་དེར་ངས་ཇི་ལྟར་བལྟ་ནུས་སམ། བདག་གི་རུས་རྒྱུད་རྣམས་མེད་པར་བྱེད་པ་དེ་ངས་ཇི་ལྟར་བཟོད་ནུས་སམ་ཞེས་ཞུས་སོ། །
7 དེར་རྒྱལ་པོ་ཨ་ཧཱ་ཝེ་རོ་ཡིས་རྒྱལ་མོ་ཨེས་སི་ཐེར་དང་། ཡ་ཧུ་དཱ་པ་མོར་དོ་ཀཱ་ཨི་གཉིས་ལ་འདི་ལྟར། ལྟོས་ཤིག ཧ་མཱན་གྱིས་ཡ་ཧུ་དཱ་པ་རྣམས་ལ་གནོད་བསྐྱལ་བསམས་པས། ངས་ཁོའི་ཁྱིམ་གཞིས་ཨེས་སི་ཐེར་ལ་སྤྲད་པ་དང་། ཧ་མཱན་ཡང་འཕྱར་ཤིང་སྟེང་དུ་དཔྱངས་པ་ཡིན།
8 ད་ལྟ་ཁྱོད་གཉིས་ཀྱིས་རང་གི་འདོད་མོས་བཞིན། རྒྱལ་པོ་ངའི་མིང་ལ་བརྟེན་ནས་ཡ་ཧུ་དཱ་པ་རྣམས་ལ་བཀའ་མཆིད་ཕྲིས་ལ། བདག་གི་མཛུབ་དཀྲིས་ཀྱི་ཕྱག་རྒྱ་ཐོབས་ཤིག ཅིའི་ཕྱིར་ཞེ་ན། རྒྱལ་པོའི་མིང་ལ་བརྟེན་ནས་བྲིས་ཤིང་རྒྱལ་པོའི་མཛུབ་དཀྲིས་ཀྱི་ཕྱག་རྒྱ་བཏབ་པའི་བཀའ་ཤོག་ནི་མེད་པར་བཟོ་མི་ནུས་སོ་ཞེས་གསུངས་སོ། །
9 དེ་ནས་ཟླ་བ་གསུམ་པ་སྟེ་སི་ཝཱན་ཟླ་བའི་ཚེས་ཉེར་གསུམ་ལ། རྒྱལ་པོའི་དྲུང་ཡིག་པ་རྣམས་བོས་ཡོང་ནས། མོར་དོ་ཀཱ་ཨིའི་བཀའ་བཞིན་དུ་ལྗོངས་སོ་སོའི་ཡི་གེ་དང་མི་རིགས་སོ་སོའི་སྐད་དང་། ཡ་ཧུ་དཱ་པའི་སྐད་དང་ཡི་གེ་ནང་བཀའ་མཆིད་བྲིས་ཏེ། རྒྱ་གར་ནས་གུ་ཤ་བྱ་བའི་ཡུལ་གྱི་བར་དུ་ཡོད་པའི་ལྗོངས་བརྒྱ་དང་ཉེར་བདུན་གྱི་ནང་དུ་གནས་པའི་ཡ་ཧུ་དཱ་པ་དང་། སྤྱི་དཔོན་རྣམས་དང་། འགོ་བདག་དང་དཔོན་རིགས་རྣམས་ལ་བསྒྲགས་སོ། །
10 མོར་དོ་ཀཱ་ཨི་ཡིས་རྒྱལ་པོ་ཨ་ཧཱ་ཝེ་རོའི་མཚན་ལ་བརྟེན་ནས་བྲིས་པའི་བཀའ་ཤོག་ལ་རྒྱལ་པོའི་མཛུབ་དཀྲིས་ཀྱིས་ཕྱག་རྒྱ་བཏབ་ཅིང་། འགྲོས་མྱུར་བའི་ཆིབས་ཆེན་ཞོན་མཁན་ལ་བསྐུར་ནས་ཡུལ་སོ་སོར་བཏང་ངོ་། །
11-12 དེའང་རྒྱལ་པོས་ལྗོངས་དང་གྲོང་ཁྱེར་སོ་སོའི་ཡ་ཧུ་དཱ་པ་ཚང་མ་ཉིན་གཅིག་གི་རིང་། ཟླ་བ་བཅུ་གཉིས་པ་སྟེ་ཨ་དཱར་ཟླ་བའི་ཚེས་བཅུ་གསུམ་ལ་འཚོག་དགོས་ཤིང་། རྒྱལ་པོ་ཨ་ཧཱ་ཝེ་རོ་ཡིས་ལྗོངས་སོ་སོར་ཡོད་པའི་ཡ་ཧུ་དཱ་པ་རྣམས་ཀྱིས་རང་སྲོག་སྐྱོབ་པ་དང་། ལྗོངས་དང་གྲོང་ཁྱེར་སོ་སོའི་ནང་དུ་ཡ་ཧུ་དཱ་པར་རྒོལ་བར་འགྱུར་བའི་དམག་དཔུང་དང་། དེ་དག་གི་བུད་མེད་དང་བུ་ཕྲུག་བཅས་པ་ཚར་གཅོད་པ་དང་། འགུམ་པ་དང་། མེད་པར་བྱེད་པ་དང་། དེ་དག་གི་རྒྱུ་ནོར་འཕྲོག་བཅོམ་བཏང་ཆོག་པའི་དགོངས་འཁྲོལ་གནང་ཡོད་པ་ཡིན་ནོ། །
13 བཀའ་ཤོག་འདྲ་བཤུས་བགྱིས་ནས་ལྗོངས་སོ་སོར་བཀྲམས་པ་དང་མི་མང་སོ་སོར་ཁྱབ་བསྒྲགས་བྱས་ཤིང་། ཡ་ཧུ་དཱ་པ་རྣམས་ཀྱིས་དགྲ་ནག་ལ་ཤ་འཁོན་ལེན་པའི་ཉིན་དེར་བསྒུག་ཅིང་སྟ་གོན་བྱེད་པའི་ཕྱིར་ཡིན།
14 དེ་ནས་འགྲོས་མྱུར་བའི་ཆིབས་ཆེན་ལ་ཞོན་པའི་བང་ཆེན་པ་རྣམས་རྒྱལ་པོའི་བཀའ་བཞིན་དུ་ཇི་མྱུར་གྱིས་སོང་བ་དང་། བཀའ་མཆིད་དེ་སོའུ་སཱན་མཁར་ཆེན་དུ་བསྒྲགས་སོ། །
15 མོར་དོ་ཀཱ་ཨིས་རྒྱལ་པོའི་ན་བཟའ་དཀར་ལ་སྔོ་བ་ཞིག་གྱོན་པ་དང་། མགོ་ལ་གསེར་གྱི་ཅོད་པན་ཆེན་པོ་ཞིག་དང་། སོ་རས་སྲབ་བུའི་ལྭ་རིང་རྒྱ་སྨུག་ཅིག་གྱོན་ཏེ། རྒྱལ་པོའི་མདུན་ནས་ཕྱི་རོལ་ཏུ་སོང་བ་ན། སོའུ་སཱན་མཁར་ཆེན་གྱི་མི་རྣམས་ཀྱིས་དགའ་མགུ་རང་བའི་འབོད་སྒྲ་བསྒྲགས།
16 ཡ་ཧུ་དཱ་པ་རྣམས་ལ་གཟི་བརྗིད་ཐོབ་ཅིང་། དགའ་དགའ་སྐྱིད་སྐྱིད་ཀྱིས་བཀུར་བསྟི་ཡང་རེག་གོ །
17 རྒྱལ་པོའི་བཀའ་སླེབས་པའི་ལྗོངས་དང་གྲོང་ཁྱེར་རེ་རེའི་ནང་དུ། ཡ་ཧུ་དཱ་པ་རྣམས་དགའ་ཞིང་གསོལ་སྟོན་བཤམས་པ་དང་། ཉིན་དེ་ནི་དུས་ཆེན་དུ་གཏན་འཁེལ་བྱས་ལ། ཡ་ཧུ་དཱ་པ་ལ་སྐྲག་ནས་རྒྱལ་ཁབ་དེའི་མི་མང་པོ་ཡང་ཁོ་ཚོའི་གྲས་སུ་ཞུགས་སོ། །