༄༅། །ཨེ་ཅིབ་ནས་ཐོན་པའི་མདོ།
ཨེ་ཅིབ་ནས་ཐོན་པའི་མདོ་ཞེས་བྱ་བའི་ངོ་སྤྲོད་མདོར་བསྡུས།
ཁ་བྱང་དང་ལོ་རྒྱུས་རྒྱབ་ལྗོངས།
ཨེ་ཅིབ་ནས་ཐོན་པ་ཞེས་པའི་གཞུང་འདིར་ཞལ་ཆད་རྙིང་པའི་ཆེས་རླབས་ཆེ་བ་དང་ངོ་མཚར་བའི་བྱ་བ་སྟེ། ཡེས་ར་ཨེལ་པ་རྣམས་བྲན་གཡོག་ནས་བསྐྱབས་ཤིང་ཨེ་ཅིབ་ཡུལ་ནས་ཕྱི་རུ་ཇི་ལྟར་ཐོན་པའི་ལོ་རྒྱུས་ཡི་གེར་བཀོད་ཡོད། དེ་ཡང་ཡེས་ར་ཨེལ་པའི་ལོ་རྒྱུས་ནི་འཇིག་རྟེན་ཁམས་བཀོད་པའི་མདོ་ནས་གསུངས་པ་ལྟར་ཨབ་ར་ཧམ་ནས་འགོ་བརྩམས་ཡོད། ཨེ་ཅིབ་ནས་ཐོན་པའི་གཞུང་འདིར་རི་བོ་སི་ནཱ་རུ་མོ་ཤེ་ལ་གནང་བའི་ཞལ་ཆད་གཞིར་བཞག་སྟེ། ཡེས་ར་ཨེལ་པ་རྣམས་དཀོན་མཆོག་གིས་བདམས་པའི་མི་རིགས་དང་ཁོང་ལ་གཏོགས་པའི་མི་རིགས་ཡིན་པའི་ལོ་རྒྱུས་སྔ་མ་རྣམས་བཀོད་ཡོད། དེ་ཡང་ལོ་རྒྱུས་དེ་དག་གཞུང་འདིའི་ནང་དུ་བརྗོད་པ་འབའ་ཞིག་མ་ཡིན་པར་འཇིག་རྟེན་ཁམས་བཀོད་པའི་མདོ་དང་། ལེ་ཝིའི་ཚུལ་ཁྲིམས་དང་གྲངས་ཀའི་མདོ། བཀའ་ལུང་གི་མདོ་བཅས་ཀྱི་བརྗོད་གཞི་དང་དམ་པོར་འབྲེལ་བའི་ལོ་རྒྱུས་ཀྱི་རྒྱུན་ཞིག་ཡིན།
ཡི་གེར་འགོད་མཁན་དང་འགོད་དུས།
ཨེ་ཅིབ་ནས་ཐོན་པའི་མདོ་ཡི་ནང་དུ་གསུངས་པ་ལྟར་ན། གཞུང་འདིའི་ནང་གི་གསུང་འགའ་ཤས་ཡི་གེར་འགོད་མཁན་ནི་ལུང་སྟོན་པ་མོ་ཤེ་ཡིན་པ་ཤུགས་ནས་བསྟན་ཡོད། ༼ཨེ་ཅིབ་ནས་ཐོན་པའི་མདོ་ཡི་ལེའུ་བཅུ་བདུན་པའི་ཚིག་རྐང་བཅུ་བཞི་པ་དང་། ལེའུ་ཉེར་བཞི་པའི་ཚིག་རྐང་བཞི་པ། ལེའུ་སོ་བཞི་པའི་ཚིག་རྐང་ཉེར་བདུན་པ་བཅས་སུ་གསལ།༽ ཡང་ཞལ་ཆད་གསར་པའི་ནང་དུ་གཞུང་འདིའི་དོན་ཚན་རྣམས་ལུང་དྲངས་ནས་ཡི་གེར་འགོད་མཁན་མོ་ཤེ་ཡིན་པ་གསལ་པོར་བསྟན་ཡོད་དེ། དཔེར་ན། ༼མཱར་ཀུའི་འཕྲིན་བཟང་གི་ལེའུ་བདུན་པའི་ཚིག་རྐང་བཅུ་པ་དང་། ལེའུ་བཅུ་གཉིས་པའི་ཚིག་རྐང་ཉེར་དྲུག་པ། ལོ་ཀུའི་འཕྲིན་བཟང་གི་ལེའུ་གཉིས་པའི་ཚིག་རྐང་ཉེར་གཉིས་ནས་ཉེར་གསུམ་པ་བཅས་སུ་གསལ།༽ དཔྱད་གཞི་དེ་དག་གཞིར་བཟུང་ནས་དཔག་ན་ཨེ་ཅིབ་ནས་ཐོན་པའི་མདོ་འདི་ཡི་གེར་འགོད་མཁན་གཙོ་བོ་ནི་ལུང་སྟོན་པ་མོ་ཤེ་ཡིན་པར་བདེན་དཔང་རྙེད་ཡོད།
གཞན་ཡང་དམ་པའི་གསུང་རབ་ཀྱི་རྒྱལ་རབས་དང་པོའི་ལེའུ་དྲུག་པའི་ཚིག་རྐང་དང་པོ་ལས་གསུངས་པ་ལྟར་ན། ཡེས་ར་ཨེལ་པ་རྣམས་ཨེ་ཅིབ་ཡུལ་ནས་ཐོན་པའི་ལོ་ནི་རྒྱལ་པོ་སོ་ལོ་མོན་གྱིས་ཡེས་ར་ཨེལ་ལ་སྲིད་བསྐྱངས་པའི་ལོ་བཞི་པ་ནས་ཡར་བརྩིས་པའི་480ལོའི་སྔོན་དུ་བྱུང་བ་ཡིན་པར་བརྗོད་ཡོད། རྒྱལ་པོ་སོ་ལོ་མོན་གྱིས་སྲིད་བསྐྱངས་པའི་ལོ་བཞི་པ་ནི་སྤྱི་ལོ་སྔོན་གྱི་966ལོའི་ཡས་མས་ཡིན་ཞེས་བརྗོད་ཡོད་པས། ཨེ་ཅིབ་ཡུལ་ནས་ཐོན་པའི་དོན་དག་དེ་སྤྱི་ལོ་སྔོན་གྱི་1446ལོའི་ཡས་མས་སུ་བྱུང་། དེ་ཡང་ཨེ་ཅིབ་ནས་ཐོན་པའི་མདོ་འདི་ཡི་གེར་བཀོད་པའི་ལོ་ཚིགས་ནི་ཡེས་ར་ཨེལ་པ་རྣམས་ཨེ་ཅིབ་ཡུལ་ནས་ཐོན་པའི་རྗེས་ཏེ། སྤྱི་ལོ་སྔོན་གྱི་1446ལོ་དང་ལུང་སྟོན་པ་མོ་ཤེ་སྐུ་མ་གཤེགས་གོང་གི་སྤྱི་ལོ་སྔོན་གྱི་1406ལོའི་བར་ཙམ་ཡིན་པ་རེད།
བརྗོད་སྙིང་དང་གསུང་འཕྲིན།
ཨེ་ཅིབ་ནས་ཐོན་པའི་མདོ་འདིར་དཀོན་མཆོག་གིས་ཁོང་གི་མཚན་དང་ཁོང་གི་རང་བཞིན། ཁོང་གི་སྐྱོབ་ཐབས། ཁོང་གི་བཀའ་ཁྲིམས། ཁོང་གི་བསྙེན་བཀུར་བཅས་མངོན་པར་མཛད་པ་ལ་དཀོན་མཆོག་གི་རིག་པའི་རྨང་བཏིངས་པར་མ་ཟད། ཞལ་ཆད་རྙིང་པའི་བར་མི་ལ་མོ་ཤེ་བསྐོ་གཞག་མཛད་པ་དང་མོ་ཤེའི་ཕྱག་ལས་རྣམས་ཀྱང་བརྗོད་ཡོད། མཆོད་དཔོན་གྱི་གོ་གནས་ཐོབ་པའི་འགོ་ཇི་ལྟར་ཚུགས་པ་དང་ལུང་སྟོན་པའི་འགན་འཁུར་རྣམས་ངེས་གཏན་གནང་ཞིང་། དེ་ཡང་དཀོན་མཆོག་དང་ཁོང་གི་འབངས་མིའི་བར་བཞག་པའི་གནའ་བོའི་དུས་ཀྱི་ཞལ་ཆད་དེ་ཚུལ་ཇི་ལྟར་སྐྱོང་བའི་ཐབས་གསར་པ་བརྗོད་ཡོད། སྐྱོང་ཚུལ་གསར་པ་དེ་ལ་རི་བོ་སི་ནཱའི་ཞལ་ཆད་ཅེས་བྱའོ། །
འཆར་ཟིན།
1. དཀོན་མཆོག་གིས་ཡེས་ར་ཨེལ་པ་རྣམས་བྲན་གཡོག་ལས་སྐྱོབ་པའི་སྟ་གོན་མཛད་པ། ༼1:1-4:31༽
2. ཡེས་ར་ཨེལ་པ་རྣམས་ཨེ་ཅིབ་ཡུལ་གྱི་བྲན་གཡོག་ལས་བསྐྱབས་པའི་སྐོར། ༼5:1-18:27༽
ཀ ཨེ་ཅིབ་རྒྱལ་པོ་ཕར་ཨོལ་གྱི་འགོག་རྒོལ་དང་དཀོན་མཆོག་གིས་སེམས་གསོ་གནང་བའི་སྐོར། ༼5:1-6:27༽
ཁ། ཨེ་ཅིབ་ལ་བཏང་བའི་ཆག་སྒོ་སྣ་ཚོགས། ༼6:28-12:36༽
ག ཨེ་ཅིབ་ནས་ཕྱི་རུ་ཐོན་པ་དང་རི་བོ་སི་ནཱའི་བར་དུ་སླེབས་པའི་སྐོར། ༼12:37-18:27༽
3. རི་བོ་སི་ནཱ་ནས་གནང་བའི་ཞལ་ཆད་ཀྱི་སྐོར། ༼19:1-24:18༽
4. བསྙེན་བཀུར་སྒྲུབ་སའི་གུར་མཆོག ༼25:1-40:38༽
ལེའུ་དང་པོ།
ཡེས་ར་ཨེལ་པ་རྣམས་ལ་གཉའ་གནོན་ཐེབས་པ།
1 དེ་ཡང་རང་རང་གི་ཁྱིམ་ཚང་དང་བཅས་ཡ་ཀོབ་དང་ལྷན་དུ་ཨེ་ཅིབ་ཡུལ་དུ་འོངས་པའི་ཡེས་ར་ཨེལ་གྱི་བུ་རྣམས་ཀྱི་མིང་ནི་གཤམ་དུ་བཀོད་པ་སྟེ།
2 རུ་བེན་དང་། སི་མུ་ཨོན། ལེ་ཝི། ཡ་ཧུ་དཱ།
3 ཡེས་སི་ཀཱར། ཟེ་བུ་ལུན། པེན་ཡཱ་མེན།
4 དཱན། ནཱབ་ཐ་ལི། གཱ་རྡུ། ཨ་ཤེར་བཅས་སོ། །
5 ཡ་ཀོབ་ནས་བྱུང་བའི་མི་ཐམས་ཅད་ཀྱི་གྲངས་ཀ་ནི་བསྡོམས་པས་བདུན་ཅུ་ཡོད་ཅིང་། ཡོ་སེབ་སྔར་ནས་ཨེ་ཅིབ་ཡུལ་དུ་ཡོད་པ་ཡིན།
6 དེ་ནས་ཡོ་སེབ་དང་ཁོའི་སྤུན་ཐམས་ཅད་དང་མི་རབས་དེའི་མི་མཐའ་དག་ཤི་ཟིན་མོད།
7 འོན་ཀྱང་། ཡེས་ར་ཨེལ་གྱི་བུ་རྣམས་རྒྱུད་དང་ལྡན་པར་གྱུར་ནས་གྲངས་ཀ་ཤིན་ཏུ་མང་པོར་འཕེལ་ཏེ་སྟོབས་ཧ་ཅང་ཆེ་བར་གྱུར་ནས་ཡུལ་གྲུ་དེར་བཀང་ངོ་། །
8 དེ་ནས་ཡོ་སེབ་ལ་རྒྱུས་མི་མངའ་བའི་རྒྱལ་པོ་གསར་པ་ཞིག་བྱུང་ཞིང་། དེས་ཨེ་ཅིབ་ལ་དབང་བསྒྱུར་པ་དང་།
9 དེས་རང་གི་འབངས་མི་རྣམས་ལ། ལྟོས་དང་། ཡེས་ར་ཨེལ་པ་རྣམས་ཀྱི་མི་ཚོགས་རང་ཅག་ལས་མང་ཞིང་སྟོབས་ཀྱང་རྒྱས་པས།
10 ཤོག་དང་། རང་ཅག་གིས་དེ་རྣམས་ལ་གཡོ་སྦྱོར་སྤེལ་བར་བྱའོ། །དེ་ལྟར་མ་བྱས་ན། ཁོ་རྣམས་ད་དུང་འཕེལ་བར་འགྱུར་ཞིང་། ཕྱིས་སུ་དམག་འཁྲུག་འདྲ་བྱུང་ན་དེ་དག་གིས་དགྲ་བོར་གྲོགས་བགྱིས་ནས་རང་ཅག་ལ་རྒོལ་ཏེ་ཡུལ་འདི་དང་འབྲལ་སྲིད་ཅེས་སྨྲས་སོ། །
11 དེའི་ཕྱིར། ཨེ་ཅིབ་པ་རྣམས་ཀྱིས་ཁོ་རྣམས་ལ་ཁྲེས་པོ་ལྕི་མོ་བཀལ་ནས་དྲག་གནོན་ཆེན་པོ་བྱ་ཆེད་ལས་རྒྱབ་པ་རྣམས་བསྐོས་ཤིང་། ཁོ་རྣམས་ཀྱིས་ཕཱར་ཨོལ་ལ་བང་མཛོད་གྲོང་ཁྱེར་ཕི་ཐོམ་དང་རཱ་ཨམ་སེའེ་གཉིས་བརྩིགས་སོ། །
12 འོན་ཀྱང་དེ་རྣམས་ལ་ཇི་ལྟར་དྲག་གནོན་བྱས་ནའང་དེ་ལས་མང་པོར་འཕེལ་ཞིང་ཕྱོགས་ཀུན་ཏུ་ཁྱབ་པས། ཨེ་ཅིབ་པ་རྣམས་ཡེས་ར་ཨེལ་པའི་རྐྱེན་གྱིས་འཇིགས་པ་དང་།
13 ཡེས་ར་ཨེལ་པ་རྣམས་ལ་བཙན་བཀོལ་ནས་ལས་ཀ་བྱེད་དུ་བཅུག་སྟེ།
14 སོ་ཕག་དང་འཇིམ་པ་བཟོ་བའི་ལས་ཀ་ལྕི་མོ་དང་། ཞིང་ལས་སྣ་ཚོགས་བྱེད་དུ་བཅུག་ནས་ཁོ་རྣམས་ཀྱི་འཚོ་བ་སྡུག་ལ་སྦྱར་ཅིང་། ལས་ཀ་ཐམས་ཅད་ཀྱི་ཐད་ནས་ཁོ་རྣམས་ལ་གདུག་རྩུབ་སྤྱད་དོ། །
15 དེ་ནས་ཨེ་ཅིབ་ཀྱི་རྒྱལ་པོས་ཨིབ་རི་པའི་སྐྱེ་གཡོག་མ་ཤིབ་རཱ་དང་ཕུ་ཨ་བྱ་བ་གཉིས་ལ་འདི་ལྟར།
16 ཁྱོད་ཅག་གིས་ཨིབ་རི་པའི་བུད་མེད་རྣམས་ལ་སྐྱེ་གཡོག་བྱེད་པའི་སྐབས་སུ་ཁོ་མོ་ཚོས་བཙའ་ཁྲིའི་སྟེང་ཕྲུ་གུ་བཙའ་དུས་ལྟོས་དང་། བུ་ཡིན་ན་སོད་ཅིག བུ་མོ་ཡིན་ན་འཚོ་བས་ཆོག་ཅེས་བཀའ་བསྒོས།
17 འོན་ཀྱང་སྐྱེ་གཡོག་མ་རྣམས་དཀོན་མཆོག་ལ་གུས་ཤིང་འཇིགས་པས། ཨེ་ཅིབ་ཀྱི་རྒྱལ་པོས་གནང་བའི་བཀའ་བཞིན་དུ་མ་བྱས་པར་བུ་རྣམས་ཀྱི་སྲོག་བསྐྱབས་པ་དང་།
18 ཨེ་ཅིབ་ཀྱི་རྒྱལ་པོས་སྐྱེ་གཡོག་མ་རྣམས་བོས་ནས་འདི་ལྟར་དྲིས་པ་སྟེ། ཁྱོད་ཅག་གིས་བུ་རྣམས་ཀྱི་སྲོག་བསྐྱབས་པ་ཅི་ཡིན་ནམ་ཞེས་པ་ན།
19 སྐྱེ་གཡོག་མ་རྣམས་ཀྱིས་ཕཱར་ཨོལ་ལ། ཨིབ་རི་པའི་བུད་མེད་དང་ཨེ་ཅིབ་ཀྱི་བུད་མེད་རྣམས་མི་འདྲ་སྟེ། ཨིབ་རི་པའི་བུད་མེད་ཀྱི་ལུས་སྟོབས་ཆེ་བས་སྐྱེ་གཡོག་མ་ད་དུང་མ་སླེབས་གོང་དུ་བཙས་ཚར་ཞེས་ཞུས་སོ། །
20 དེའི་ཕྱིར། དཀོན་མཆོག་གིས་སྐྱེ་གཡོག་མ་རྣམས་ལ་བཀའ་དྲིན་མཛད་པ་དང་། ཡེས་ར་ཨེལ་གྱི་མི་རྣམས་ཀྱང་འཕེལ་ཞིང་ཤིན་ཏུ་དར་བར་གྱུར།
21 སྐྱེ་གཡོག་མ་རྣམས་དཀོན་མཆོག་ལ་གུས་ཤིང་འཇིགས་པས་ཁོང་གིས་ཁོ་མོ་རྣམས་ལ་ཁྱིམ་གཞིས་མཛད་དོ། །
22 དེ་ནས་ཕཱར་ཨོལ་གྱིས་རང་གི་འབངས་མི་རྣམས་ལ་འདི་ལྟར། ཨིབ་རི་པའི་བུ་གསར་སྐྱེས་རེ་རེ་ནཱ་ཡོལ་གཙང་པོར་གཡུགས་དང་། བུ་མོ་རྣམས་འཚོ་རུ་ཆུག་ཅེས་བཀའ་བབས་སོ། །