ལེའུ་བཅུ་པ།
འབུ་ཆ་ག་པའི་ཆག་སྒོ།
1 དེ་ནས་དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་འདི་སྐད་དུ། ཁྱོད་རང་ཕཱར་ཨོལ་གྱི་མདུན་དུ་སོང་ཞིག བདག་གིས་ཁོ་དང་ཁོའི་འཁོར་གཡོག་རྣམས་ཀྱི་སེམས་གྱོང་པོར་བྱས་པའི་ཕྱིར་ཡིན། དེ་ནི་ཅི་ལ་ཞེ་ན། ངས་གྲུབ་རྟགས་དེ་རྣམས་ཁོ་ཚོའི་ཁྲོད་དུ་སྟོན་པ་དང་།
2 བདག་གིས་ཨེ་ཅིབ་པ་རྣམས་ལ་ཇི་ལྟར་འཕྲིན་ལས་མཛད་པ་དང་། དེ་དག་གི་ཁྲོད་དུ་གྲུབ་རྟགས་ཅི་ལྟ་བུ་བསྟན་པ་རྣམས་ཁྱོད་ཀྱིས་རང་རང་གི་བུ་དང་ཚ་བོའི་རྣ་བར་སྨྲ་བ་དང་། ཁྱོད་རྣམས་ཀྱིས་བདག་ནི་ཡ་ཝཱེ་ཡིན་པ་ཤེས་པར་འགྱུར་བའི་ཕྱིར་ཡིན་ཞེས་གསུངས་སོ། །
3 དེའི་ཕྱིར་མོ་ཤེ་དང་ཨ་རོན་གཉིས་ཕཱར་ཨོལ་གྱི་མདུན་དུ་སོང་ནས་དེ་ལ། ཨིབ་རི་པ་རྣམས་ཀྱི་དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ཁྱོད་ཀྱིས་དུས་ནམ་ཞིག་གི་བར་དུ་ངའི་མདུན་དུ་ཁེངས་སྐྱུང་མི་བྱེད་དམ། བདག་ལ་བསྙེན་བཀུར་བྱེད་པའི་ཆེད་དུ་བདག་གི་འབངས་མི་འགྲོ་རུ་ཆུག
4 གལ་ཏེ་ཁྱོད་ཀྱིས་བདག་གི་འབངས་མི་འགྲོ་རུ་མི་འཇུག་ན། སང་ཉིན་ངས་འབུ་ཆ་ག་པ་ཁྱོད་ཀྱི་ཡུལ་དུ་གཏོང་བར་བྱ་སྟེ།
5 དེ་དག་གིས་ས་ངོས་ཐམས་ཅད་འགེབ་ཅིང་དེ་མི་མཐོང་བར་འགྱུར་ཞིང་། ཁྱོད་ཅག་ལ་སེར་བ་ནས་ལུས་པ་དང་ཞིང་ལ་སྐྱེས་པའི་ལྗོན་ཤིང་ཐམས་ཅད་ཀྱང་བཟའ་བར་འགྱུར།
6 ཡང་ཁྱོད་ཀྱི་ཕོ་བྲང་དང་། ཁྱོད་ཀྱི་འཁོར་གཡོག་ཐམས་ཅད་ཀྱི་ཁང་པ་དང་། ཨེ་ཅིབ་པ་ཀུན་གྱི་ཁང་པ་ལ་འབུ་ཆ་ག་པས་གང་ཡོང་ལ། དེ་ལྟ་བུ་ནི་ཁྱོད་ཀྱི་ཕ་མེས་ཡང་མེས་རྣམས་འཇིག་རྟེན་དུ་སྐྱེས་པའི་དུས་ནས་བཟུང་ད་ལྟའི་བར་དུ་ནམ་ཡང་མཐོང་མ་མྱོང་གསུངས་ཞེས་སྨྲས་པ་དང་། མོ་ཤེ་ཁ་ཕྱིར་འཁོར་ཏེ་ཕཱར་ཨོལ་དང་བྲལ་ནས་སོང་ངོ་། །
7 དེ་ནས་ཕཱར་ཨོལ་གྱི་འཁོར་གཡོག་རྣམས་ཀྱིས་ཁོ་ལ། མི་འདི་དུས་ནམ་ཞིག་གི་བར་དུ་ངེད་ཅག་འཛིན་པའི་རྙི་རུ་འགྱུར་རམ། མི་འདི་རྣམས་ཁོ་རྣམས་ཀྱི་དཀོན་མཆོག་ཡ་ཝཱེ་ལ་བསྙེན་བཀུར་བྱེད་པའི་ཆེད་དུ་འགྲོ་རུ་ཆུག་དང་། ཨེ་ཅིབ་ཡུལ་བརླགས་ཟིན་པ་ཁྱེད་ཀྱིས་ད་དུང་མི་ཤེས་སམ་ཞེས་ཞུས་པས།
8 མོ་ཤེ་དང་ཨ་རོན་གཉིས་ཕྱིར་ཕཱར་ཨོལ་གྱི་མདུན་དུ་བོས་ནས་དེས་ཁོ་གཉིས་ལ་འདི་ལྟར། ཁྱོད་ཅག་གི་དཀོན་མཆོག་ཡ་ཝཱེ་ལ་བསྙེན་བཀུར་བྱེད་དུ་སོང་ཞིག འོན་ཀྱང་སུ་འགྲོ་བར་བྱའམ་ཞེས་དྲིས་པར།
9 མོ་ཤེ་ན་རེ། དཀོན་མཆོག་ཡ་ཝཱེ་ལ་དུས་ཆེན་བསྲུང་བའི་ཕྱིར་ངེད་རྣམས་རྒན་གཞོན་དང་། བུ་བུ་མོ་རྣམས་མཉམ་དུ་བ་ཁྱུ་དང་ར་ལུག་གི་ཁྱུ་དེད་ནས་འགྲོ་བར་བྱ་ཞེས་སྨྲས།
10 ཡང་ཕཱར་ཨོལ་གྱིས་ཁོ་གཉིས་ལ། དེ་བས་ངས་ཁྱོད་རྣམས་བུད་མེད་དང་ཕྲུ་གུ་བཅས་པ་འགྲོ་རུ་འཇུག་དུས། དཀོན་མཆོག་ཡ་ཝཱེ་ཁྱོད་ཅག་དང་མཉམ་དུ་བཞུགས་ཀྱང་སྲིད། ཁྱོད་ཅག་ལ་དམིགས་ཡུལ་ངན་པ་ཡོད་པས་གཟབ་གཟབ་གྱིས་ཤིག
11 ཐམས་ཅད་སོང་མི་ཆོག་སྟེ། ཁྱོད་ཅག་སྐྱེས་པ་རྣམས་འབའ་ཞིག་སོང་ནས་དཀོན་མཆོག་ཡ་ཝཱེ་ལ་བསྙེན་བཀུར་བྱོས་ཤིག དེ་ནི་ཁྱོད་ཅག་གི་འདོད་པ་ཡིན་པས་སོ་ཞེས་སྨྲས་ཤིང་། ཁོ་གཉིས་ཕཱར་ཨོལ་གྱི་མདུན་ནས་ཕྱིར་བཏོན་ཏོ། །
12 དེ་ནས་དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་འདི་སྐད་དུ། ཁྱོད་ཀྱིས་ལག་པ་ཨེ་ཅིབ་ཡུལ་གྱི་ཕྱོགས་སུ་རྐྱོངས་དང་། འབུ་ཆ་ག་པ་རྣམས་ཨེ་ཅིབ་ཡུལ་དུ་འོངས་ནས་ས་སྟེང་གི་སྐྱེ་དངོས་ཐམས་ཅད་དེ། སེར་ཤུལ་ནས་ལུས་པ་མཐའ་དག་བཟའ་བའི་ཕྱིར་ཡིན་ཞེས་གསུངས་པ་དང་།
13 མོ་ཤེ་ཡིས་འཁར་བ་ཨེ་ཅིབ་ཡུལ་གྱི་ཕྱོགས་སུ་བརྐྱངས་ཤིང་། དཀོན་མཆོག་ཡ་ཝཱེས་ཉིན་མཚན་དེ་ལ་ཤར་རླུང་གཡུགས་པར་མཛད་དེ། ཐོ་རངས་ལ་སླེབས་དུས་ཤར་རླུང་གིས་འབུ་ཆ་ག་པ་རྣམས་ཁུར་ཡོང་ངོ་། །
14 འབུ་ཆ་ག་པ་རྣམས་ཨེ་ཅིབ་ཡུལ་ཀུན་ལ་ཁྱབ་ཡོང་སྟེ། ཡུལ་ཐམས་ཅད་ལ་ཤིན་ཏུ་མང་པོ་བབས། དེ་ལྟ་བུའི་འབུ་ཆ་ག་པ་སྔར་བྱུང་མ་མྱོང་ལ། ཕྱིས་སུའང་འབྱུང་བར་མི་འགྱུར།
15 འབུ་ཆ་ག་པ་ཡིས་ས་ངོས་ཐམས་ཅད་བཀབ་པས་ས་ནི་ནག་པོར་གྱུར་པ་དང་། ཡང་སེར་ཤུལ་ནས་ལུས་པའི་ས་སྟེང་གི་སྐྱེ་དངོས་མཐའ་དག་དང་ལྗོན་ཤིང་གི་འབྲས་བུ་ཐམས་ཅད་ཟོས་ནས། ཨེ་ཅིབ་ཡུལ་ཀུན་གྱི་ལྗོན་ཤིང་དང་ཞིང་ནང་གི་སྐྱེ་དངོས་ལས་སྔོན་པོ་ཅི་ཡང་མ་བསྐྱུར་ཏོ། །
16 དེ་ནས་ཕཱར་ཨོལ་གྱིས་མྱུར་དུ་མོ་ཤེ་དང་ཨ་རོན་གཉིས་བོས་ཏེ་ན་རེ། ངས་ཁྱོད་རྣམས་ཀྱི་དཀོན་མཆོག་ཡ་ཝཱེ་ལ་འགལ་བའི་སྡིག་པ་བྱས་ཤིང་། ཁྱོད་གཉིས་ལའང་སྡིག་པ་བྱས་སོང་།
17 ད་ལྟ་ཁྱོད་གཉིས་ལ་ཞུ་བ་བྱེད་དེ། ཐེངས་འདི་ཁོ་ནར་ངའི་སྡིག་པ་ལ་གུ་ཡངས་གནང་བར་མཛོད། ཁྱོད་ཅག་གི་དཀོན་མཆོག་ཡ་ཝཱེས་ང་རང་ད་རེས་འཆི་བ་འདི་ནས་ཐར་བར་མཛད་པའི་ཕྱིར་ཞུ་བ་འབུལ་རོགས་ཞེས་སྨྲས་པ་ལ།
18 མོ་ཤེ་ཡིས་ཕཱར་ཨོལ་དང་བྲལ་ནས་དཀོན་མཆོག་ཡ་ཝཱེ་ལ་གསོལ་བ་བཏབ་ཅིང་།
19 དེ་ནས་དཀོན་མཆོག་ཡ་ཝཱེས་རླུང་ནི་ནུབ་རླུང་དྲག་པོར་བསྒྱུར་ཏེ། འབུ་ཆ་ག་པ་རྣམས་གཡུགས་ཤིང་རྒྱ་མཚོ་དམར་པོའི་ནང་དུ་ཁུར་བ་དང་། ཨེ་ཅིབ་ཡུལ་ཐམས་ཅད་ནས་འབུ་ཆ་ག་པ་གཅིག་ཀྱང་མ་བསྐྱུར་ཏོ། །
20 འོན་ཀྱང་དཀོན་མཆོག་ཡ་ཝཱེས་ཕཱར་ཨོལ་གྱི་སེམས་གྱོང་པོར་མཛད་པས། དེས་ཡེས་ར་ཨེལ་པ་རྣམས་འགྲོ་རུ་མ་བཅུག་གོ །
མུན་པའི་ཆག་སྒོ།
21 དེ་ནས་དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་འདི་སྐད་དུ། ཁྱོད་ཀྱིས་ལག་པ་ནམ་མཁའི་ཕྱོགས་སུ་རྐྱོངས་དང་། རེག་ཀྱང་རེག་ནུས་པའི་མུན་པ་ཞིག་ཨེ་ཅིབ་ཡུལ་ལ་འབྱུང་བའི་ཕྱིར་ཡིན་ཞེས་གསུངས་པ་ལ།
22 མོ་ཤེ་ཡིས་ལག་པ་ནམ་མཁའི་ཕྱོགས་སུ་བརྐྱངས་པས། ཉིན་གསུམ་ལ་ཨེ་ཅིབ་ཡུལ་ཡོངས་སུ་མུན་པ་སྟུག་པོ་ཞིག་བྱུང་།
23 ཉིན་གསུམ་གྱི་རིང་མི་རྣམས་ཀྱིས་ཕན་ཚུན་མཐོང་མ་ནུས་ལ། མི་སུ་ཡང་ལངས་ནས་རང་སར་འབྲལ་མ་ཕོད་དོ། །འོན་ཀྱང་ཡེས་ར་ཨེལ་པ་རྣམས་ཀྱི་སྡོད་ཡུལ་རྣམས་ལ་འོད་ཡོད་པ་རེད།
24 དེ་ནས་ཕཱར་ཨོལ་གྱིས་མོ་ཤེ་བོས་ནས་ཁོ་ལ་འདི་ལྟར། ཁྱོད་ཅག་དཀོན་མཆོག་ཡ་ཝཱེ་ལ་བསྙེན་བཀུར་བྱེད་དུ་སོང་ཞིག འོན་ཏེ་ཁྱོད་རྣམས་ཀྱི་ར་ལུག་གི་ཁྱུ་དང་བ་ཁྱུ་འདི་རུ་བསྐྱུར་དགོས་པ་དང་། བུད་མེད་དང་ཕྲུ་གུ་རྣམས་ཁྱོད་ཅག་དང་མཉམ་དུ་སོང་ཆོག་ཅེས་སྨྲས་པ་ལ།
25 མོ་ཤེ་ན་རེ། ངེད་རྣམས་ཀྱིས་ངེད་ཅག་གི་དཀོན་མཆོག་ཡ་ཝཱེ་ལ་མཆོད་པ་འབུལ་ཐུབ་པའི་ཕྱིར། ཁྱོད་ཀྱིས་མཆོད་རྫས་དང་སྦྱིན་སྲེག་ཏུ་འབུལ་བྱའི་སེམས་ཅན་ཅིས་ཀྱང་ངེད་ཀྱི་ལག་ཏུ་གཏད་དེ།
26 ངེད་རྣམས་ཀྱི་ཕྱུགས་ཟོག་ཀྱང་ངེས་པར་ངེད་དང་མཉམ་དུ་འགྲོ་དགོས་ཤིང་། ཐ་ན་རྨིག་པ་གཅིག་ཀྱང་མི་བསྐྱུར། ཅིའི་ཕྱིར་ཞེ་ན། དེ་རྣམས་ལས་འགའ་ཤས་བླངས་ཏེ་ངེད་ཅག་གི་དཀོན་མཆོག་ཡ་ཝཱེ་ལ་བསྙེན་བཀུར་བྱེད་དགོས་པའི་ཕྱིར་ཡིན་ལ། ངེད་ཅག་གནས་དེར་མ་སླེབས་པའི་བར་དུ་གང་ཞིག་གིས་དཀོན་མཆོག་ཡ་ཝཱེ་ལ་བསྙེན་བཀུར་ཅི་ཞིག་བྱེད་དགོས་པ་མི་ཤེས་ཞེས་སྨྲས།
27 འོན་ཀྱང་དཀོན་མཆོག་ཡ་ཝཱེས་ཕཱར་ཨོལ་གྱི་སེམས་གྱོང་པོར་མཛད་པས། ཁོ་རྣམས་འགྲོ་རུ་འཇུག་མ་འདོད་ཅིང་།
28 ཕཱར་ཨོལ་གྱིས་མོ་ཤེ་ལ་འདི་ལྟར། ཁྱོད་འདི་ནས་ཕར་སོང་ཞིག ཕྱིན་ཆད་ང་དང་འཕྲད་པར་གཟབ་གཟབ་བྱོས། རྒྱུ་མཚན་ནི་ང་དང་འཕྲད་པའི་ཉིན་ལ་ཁྱོད་འཆི་བར་ངེས་པས་སོ་ཞེས་སྨྲས་པར།
29 མོ་ཤེ་ན་རེ། ཁྱོད་ཀྱིས་སྨྲས་པ་བདེན་ནོ། །ང་ནི་ཁྱོད་དང་སླར་ཡང་འཕྲད་མི་སྲིད་ཅེས་སྨྲས་སོ། །