ལེའུ་བཅོ་ལྔ་པ།
མོ་ཤེ་སོགས་ཀྱིས་དཀོན་མཆོག་ལ་བསྟོད་གླུ་ཕུལ་བ།
1 དེ་ནས་མོ་ཤེ་དང་ཡེས་ར་ཨེལ་པ་རྣམས་ཀྱིས་དཀོན་མཆོག་ཡ་ཝཱེ་ལ་བསྟོད་གླུ་ཕུལ་བ་འདི་ལྟ་སྟེ།
བདག་གིས་ཡ་ཝཱེ་ཁོང་ལ་བསྟོད་གླུ་འབུལ། །
ཁོང་ནི་དཔལ་དང་བཅས་ཏེ་རྒྱལ་བར་གྱུར། །
རྟ་དང་དེ་ལ་ཞོན་མཁན་ཁོང་གིས་ནི། །
རྒྱ་མཚོའི་ནང་དུ་གཡུགས་པར་གྱུར་པ་འོ། །
2 ཡ་ཝཱེ་ཁོང་ཉིད་ང་ཡི་སྟོབས་ཤུགས་དང་། །
ཡ་ཝཱེ་ཁོང་ཉིད་ང་ཡི་མགུར་མ་ཡིན། །
ཁོང་ནི་ང་ཡི་སྐྱབས་སུ་གྱུར་པ་ཡིན། །
ང་ཡི་དཀོན་མཆོག་ལགས་པས་ངས་ཁོང་ལ། །
བསྟོད་པ་འབུལ་ལོ་ཁོང་ནི་ངའི་ཕ་ཡི། །
དཀོན་མཆོག་ཀྱང་ནི་ཡིན་པས་བཀུར་བར་བྱ། །
3 ཡ་ཝཱེ་ཁོང་ཉིད་དམག་གི་དཔའ་བོ་དང་། །
ཡ་ཝཱེ་ཞེས་པ་ཁོང་གི་མཚན་ཡང་ལགས། །
4 ཕཱར་ཨོལ་ཞེས་པའི་ཤིང་རྟ་རྣམས་དང་ནི། །
དེ་ཡི་དམག་དཔུང་བཅས་ནི་རྒྱ་མཚོར་གཡུགས། །
དམག་དཔོན་མཆོག་རྣམས་ཀྱང་ནི་ཁོང་ཉིད་ཀྱིས། །
རྒྱ་མཚོ་དམར་པོའི་ནང་ལ་ནུབ་ཏུ་བཅུག །
5 གཏིང་ཟབ་ཆུ་ཡིས་དེ་དག་བསྣུབས་པ་དང་། །
རྡོ་ལྟར་དེ་དག་རྒྱ་མཚོའི་མཐིལ་དུ་ལྷུང་། །
6 ཀྱེ་ཀྱེ་ཡ་ཝཱེ་ལགས་ཀྱེ་ཁྱེད་ཀྱི་ནི། །
ཕྱག་གཡས་དེ་ལ་མཐུ་མངོན་དཔལ་དང་ལྡན། །
ཀྱེ་ཀྱེ་ཡ་ཝཱེ་ལགས་ཀྱེ་ཁྱེད་ཀྱིས་ནི། །
ཕྱག་གཡས་དེ་ཡིས་དགྲ་རྣམས་རྡུལ་དུ་བརླགས། །
7 ཁྱེད་ཀྱིས་བརྗིད་ཉམས་ཆེན་པོ་དང་བཅས་ཏེ། །
ངོ་རྒོལ་བྱེད་མཁན་ཐམས་ཅད་བཟློགས་པ་དང་། །
ཁྱེད་ཀྱིས་རང་གི་ཐུགས་ཁྲོའི་མེ་ཡང་གནང་། །
མེ་དེས་ཁོ་རྣམས་སོག་མ་ལྟར་དུ་བསྲེགས། །
8 ཁྱེད་ཀྱི་ཤངས་ལས་ཐོན་པའི་དབུགས་ཀྱིས་ནི། །
ཆུ་རྣམས་མཉམ་དུ་བསགས་ཤིང་ཆུ་རླབས་དག །
རགས་ལྟར་ལངས་ཏེ་བསྡད་ཅིང་སྡོད་པ་ཡིན། །
རྒྱ་མཚོའི་སྙིང་ནས་ཆུ་རྣམས་གོང་བུར་གྲུབ། །
9 དགྲ་བོ་ན་རེ་ངས་ནི་ཁོ་རྣམས་ཀྱི། །
ར་མདར་བརྒྱུགས་ནས་རྗེས་སུ་ཆོད་པར་བྱ། །
བཅོམ་ནོར་དག་ནི་བགོ་བཤའ་རྒྱག་པར་བྱ། །
ང་རང་དེ་ཚོའི་སྟེང་ནས་རང་གི་ནི། །
འདོད་པ་ཚིམ་པར་འགྱུར་ཞིང་རལ་གྲི་ཕྱུང་། །
དངོས་སུ་དེ་དག་མེད་པར་བྱ་ཞེས་སྨྲ། །
10 ཁྱེད་ཀྱིས་ཞལ་ཕུ་དང་བཅས་རླུང་གཡུགས་མཛད། །
རྒྱ་མཚོས་དེ་དག་བསྣུབས་པར་བྱས་པ་དང་། །
ཞ་ཉེ་ལྟར་དུ་ཆུ་བོའི་ཀླུང་དུ་ནུབ། །
11 ཀྱེ་ཀྱེ་ཡ་ཝཱེ་ལགས་ཀྱེ་ལྷ་རྣམས་ཁྲོད། །
ཁྱེད་དང་འདྲ་བ་སུ་ཡོད་སུ་ཡང་མེད། །
དམ་པའི་ནང་ཡང་ཁྱེད་ལྟར་དཔལ་ལྡན་པ། །
སུ་ཡང་མེད་དེ་བསྟོད་ཅིང་འཇིགས་འོས་ལ། །
ངོ་མཚར་དོན་རྣམས་མཛད་ལ་ཁྱེད་འདྲ་མེད། །
12 ཁྱེད་ཀྱིས་ཕྱག་གཡས་བརྐྱངས་ཚེ་ས་ཡིས་ནི། །
དེ་དག་ཁྱུར་མིད་བཏང་ཞིང་ཁྱེད་ཀྱིས་ནི། །
13 བྱམས་དང་སྙིང་རྗེ་ངང་ནས་བླུས་པ་ཡི། །
མི་རྣམས་ཁྲིད་པར་མཛད་ཅིང་མཐུ་ཡིས་ནི། །
ཉིད་ཀྱི་དམ་པའི་གནས་སུ་དེ་དག་དྲངས། །
14 མི་གཞན་རྣམས་ཀྱིས་གཏམ་དེ་ཐོས་ནས་འདར། །
ཕེ་ལེ་ཤེད་ཀྱི་མི་རྣམས་ཟུག་རྔུས་བཟུང་། །
15 ཨེ་དོམ་དཔོན་རིགས་རྣམས་ནི་ཧོན་འཐོར་ཞིང་། །
མོ་ཨབ་དཔའ་བོ་རྣམས་ཀྱང་འདར་ཞིང་འདར། །
ཀ་ན་ཨན་པ་ཀུན་གྱི་སྙིང་སྟོབས་ཞུམ། །
16 དངངས་སྐྲག་དང་ནི་འཇིགས་སྣང་ཁོ་རྣམས་ཀྱི། །
སྟེང་ལ་བབས་སོང་ཀྱེ་ཀྱེ་ཡ་ཝཱེ་ལགས། །
ཁྱེད་ཀྱི་འབངས་མི་དེ་དག་ཕ་རོལ་ཏུ། །
སླེབས་པའི་བར་དང་ཁྱེད་ཀྱིས་བླུས་པ་ཡི། །
མི་རྣམས་ཕར་རོལ་སླེབས་པའི་བར་དུ་ནི། །
ཁྱེད་ཀྱི་ཕྱག་གི་ནུས་མཐུའི་དབང་གིས་ནི། །
མི་གཞན་རྡོ་བཞིན་གྲགས་འགུལ་མེད་པར་ལུས། །
17 ཀྱེ་ཀྱེ་ཡ་ཝཱེ་ལགས་ཀྱེ་ཁྱེད་ཉིད་ཀྱི། །
གནས་མཆོག་དེ་ནི་ཁྱེད་ཀྱིས་བཞེངས་པ་དང༌། །
རང་གི་ཕྱག་གིས་བཙུགས་པའི་གནས་མཆོག་དེར། །
མི་རྣམས་ཁྲིད་དེ་ཁྱེད་ཀྱི་ནོར་སྐལ་གྱི། །
རི་ལ་སྡོད་དུ་འཇུག་གོ་ཨེ་མ་རྨད། །
18 ཡ་ཝཱེ་ཁྱེད་ཀྱིས་རྒྱུན་ནས་རྒྱུན་དུ་ནི། །
རྒྱལ་སྲིད་བསྐྱངས་ཤིང་སྐྱོང་བར་འགྱུར་བ་འོ། །ཞེས་པའོ། །
19 ཕཱར་ཨོལ་གྱི་རྟ་དག་དང་། གཞན་ཤིང་རྟ་དང་སྐྱ་དམག་བཅས་རྒྱ་མཚོར་ཆས་ཚེ། དཀོན་མཆོག་ཡ་ཝཱེས་རྒྱ་མཚོའི་ཆུ་རྣམས་དེ་དག་གི་ཐོག་ཏུ་སླར་དྲངས་པ་དང་། ཡེས་ར་ཨེལ་པ་རྣམས་འབའ་ཞིག་རྒྱ་མཚོའི་དཀྱིལ་ནས་སྐམ་སར་འགྲུལ་ཏེ་སོང་ངོ་། །
20 ཡང་ཨ་རོན་གྱི་གཅེན་མོ་སྟེ་ལུང་སྟོན་མ་མིར་ཡམ་གྱིས་ལག་ཏུ་སིལ་རྔ་ཞིག་ཐོགས་ནས། བུད་མེད་ཐམས་ཅད་ཀྱང་ཁོ་མོའི་རྗེས་སུ་འབྲངས་ཏེ་ལག་ཏུ་སིལ་རྔ་ཁྱེར་ནས་སླེབས་ཤིང་བྲོ་འཁྲབ། །
21 མིར་ཡམ་གྱིས་དེ་དག་གི་ལན་དུ།
ཡ་ཝཱེ་ཁོང་ནི་དཔལ་བཅས་རྣམ་པར་རྒྱལ། །
ཁོང་ལ་བསྟོད་པའི་གླུ་ནི་ལེན་པར་གྱིས། །
རྟ་དང་དེ་ལ་ཞོན་མཁན་ཁོང་གིས་ནི། །
རྒྱ་མཚོའི་ནང་དུ་གཡུགས་པར་གྱུར་པ་འོ། །
ཞེས་བསྟོད་གླུ་ཕུལ་ཏོ། །
མཱ་ར་ཡུལ་དང་ཨེ་ལིམ་ཡུལ་གཉིས་ཀྱི་འཐུང་ཆུ།
22 དེ་ནས་མོ་ཤེ་ཡིས་ཡེས་ར་ཨེལ་པ་རྣམས་རྒྱ་མཚོ་དམར་པོ་ནས་ཁྲིད་དེ་མདུན་དུ་བསྐྱོད་ཅིང་། དེ་དག་ཤུར་གྱི་དབེན་སྟོང་དུ་སླེབས་པ་དང་། ཉིན་གསུམ་ལ་དབེན་སྟོང་དུ་འགྲུལ་ནས་ཆུ་མ་ཐོབ།
23 མཱ་ར་བྱ་བའི་གནས་སུ་སླེབས་པ་ན་མཱ་ར་ཡི་ཆུ་ནི་ཁ་ཏིག་ཡིན་པས་འཐུང་མ་ནུས། དེའི་ཕྱིར་ཡུལ་དེའི་མིང་ལ་མཱ་ར་ཞེས་ཟེར།
24 དེར་མི་རྣམས་ཀྱིས་མོ་ཤེ་ལ་སྡུག་ཡུས་བཏོན་ཏེ། ངེད་ཅག་གིས་ཅི་འཐུང་ངམ་ཞེས་སྨྲས།
25 དེ་ནས་མོ་ཤེ་ཡིས་དཀོན་མཆོག་ཡ་ཝཱེ་ལ་ཞུ་འབོད་བྱས་ཤིང་། དཀོན་མཆོག་ཡ་ཝཱེས་ཁོ་ལ་ལྗོན་ཤིང་ཞིག་བསྟན་པ་དང་། ཁོས་དེ་ཆུའི་ནང་དུ་གཡུགས་པ་ན་ཆུ་མངར་མོར་གྱུར། དེར་དཀོན་མཆོག་ཡ་ཝཱེས་དེ་དག་ལ་སྒྲིག་ཁྲིམས་དང་སྲོལ་ཡིག་བཙུགས་ནས་ཁོ་རྣམས་ལ་བརྟགས་ཤིང་གསུངས་པ་ནི།
26 ཁྱོད་ཅག་གིས་གཟབ་གཟབ་ངང་ཁྱོད་ཅག་གི་དཀོན་མཆོག་ཡ་ཝཱེའི་གསུང་སྐད་ལ་མཉན་ཏེ། ཁོང་གི་སྤྱན་སྔར་ལེགས་པོ་གང་ཡིན་དེ་སྤྱོད་ཅིང་། གཟབ་ནན་ངང་ཁོང་གི་བཀའ་རྣམས་ལ་མཉན་པ་དང་། སྒྲིག་ཁྲིམས་ཐམས་ཅད་བསྲུངས་ན། ངས་ཨེ་ཅིབ་པ་རྣམས་ལ་ཕོག་ཏུ་བཅུག་པའི་ནད་ཡམས་གང་ཡང་ཁྱོད་ཅག་ལ་འབྱུང་བར་མི་བྱ་སྟེ། ང་ནི་ཁྱོད་རང་གསོ་མཁན་ཡ་ཝཱེ་ཡིན་པའི་ཕྱིར་རོ་ཞེས་པའོ། །
27 དེ་ནས་ཁོ་རྣམས་ཨེ་ལིམ་ཡུལ་དུ་སླེབས་ཤིང་དེ་རུ་ཆུ་མིག་བཅུ་གཉིས་དང་ཏ་ལའི་ཤིང་བདུན་ཅུ་ཡོད་པ་ཡིན། དེར་ཁོ་རྣམས་ཀྱིས་ཆུ་འགྲམ་དུ་སྒར་བཏབ་བོ། །