ལེའུ་བཅོ་བརྒྱད༌པ།
ཨབ་ར་ཧམ་གྱིས་ཕོ་ཉ་བསུས༌པ།
དེ་ཡང་དཀོན་མཆོག་ཡ་ཝཱེས་མཱན་རེའེ་ཟེར་བའི་བེ་ཤིང་ཡོད་སར་ཨབ་ར་ཧམ་ལ་མངོན་པར༌མཛད། ཉིན་མོར་ཚ་བ་ཆེ་བའི་སྐབས་དེར་ཨབ་ར་ཧམ་སྦྲ་གུར་གྱི་སྒོ་མདུན་དུ་བསྡད་ཡོད་པ༌དང༌། ཁོང་གིས་མགོ་ཡར་བཀྱགས་ནས་བལྟས་པ༌ན། མདུན་ཕྱོགས་སུ་མི་གསུམ་ཡར་ལངས་ནས་བསྡད་ཡོད་པ༌མཐོང༌། ཁོང་གིས་དེ་མཐོང་བ༌དང༌། སྦྲ་གུར་གྱི་སྒོ་མདུན་ནས་བརྒྱུགས་ཏེ་མི་དེ་རྣམས་བསུ་རུ་སོང་བ་དང་ཕྱག་བཙལ་ནས་འདི་སྐད༌དུ། ཇོ་བོ༌ལགས། བདག་ལ་ཁྱེད་ཀྱི་སྤྱན་དྲུང་ནས་ཐུགས་རྗེ་ཐོབ༌ན། ཁྱེད་ནི་རང་གི་ཞབས་ཕྱི་པ་བདག་དང་ཁ་བྲལ་ནས་ཕར་མི་ཕེབས་པར༌ཞུ། ངས་ཆུ་ཁྱེར་འོང་ལ་ཁྱེད་རྣམས་ཀྱིས་རྐང་པ་བཀྲུས་རྗེས་ལྗོན་ཤིང་གི་གྲིབ་བསིལ་འོག་ཏུ་ངལ་གསོ༌མཛོད། ཡང་ཁྱེད་རྣམས་ཀྱི་ལུས་ལ་སྟོབས་རྒྱས་པའི༌ཕྱིར། ངས་ཁྱེད་རྣམས་ལ་བག་ལེབ་ཁྱེར་འོང་བར༌བྱའོ། །དེའི་རྗེས་ཁྱེད་རྣམས་ཕར་ཕེབས་པར༌བྱ། ཁྱེད་རྣམས་རང་གི་ཞབས་ཕྱི་པའི་གམ་དུ་ཡོང་ན་འདི་ལྟར་བྱ་འོས་ཞེས་སྨྲས་པ༌དང༌། ཁོང་རྣམས་ཀྱིས་འདི་སྐད༌དུ། དེས་ན་ཁྱོད་ཀྱིས་སྨྲས་པ་བཞིན་དུ་བྱོས་ཤིག་ཅེས་གསུངས༌སོ།། དེ་ནས་ཨབ་ར་ཧམ་བྲེལ་འཚབ་ངང་སྦྲ་གུར་ནང་དུ་སོང་སྟེ་སཱ་ར་ལ་འདི་ལྟར་སྨྲས༌པ། ཁྱོད་ཀྱིས་ཕྱེ་བཟང་པོ་བྲེ་ *གསུམ་བླངས་ཏེ་མྱུར་དུ་བརྫིས་ནས་བག་ལེབ་བཟོ་བར་གྱིས་ཞེས་པ༌དང༌། ཨབ་ར་ཧམ་བ་ཁྱུ་ནང་དུ་བརྒྱུགས་ནས་བ་ཕྲུག་ཤ་ཤེད་ཅན་ཞིག་བཟུང་སྟེ་གཡོག་པོར་སྤྲད་ཅིང་གཡོག་པོས་ཀྱང་མྱུར་དུ་སྟ་གོན་བྱས༌སོ།། ཡང་ཨབ་ར་ཧམ་གྱིས་ཞོ་དང་འོ༌མ། སྟ་གོན་བྱས་པའི་བ་ཕྲུག་གི་ཤ་བཅས་ཁྱེར་ཡོང་ནས་ཁོང་རྣམས་ཀྱི་མདུན་དུ་བཤམས༌ཤིང༌། ཁོང་རྣམས་ཀྱིས་ཀྱང་ཞལ་ཟས་བཞེས་པ༌དང༌། ཨབ་ར་ཧམ་རང་ཉིད་ནི་ལྗོན་ཤིང་གི་གྲིབ་བསིལ་འོག་ཏུ་ལངས་ནས་བསྡད༌དོ།།
དེ་ནས་ཁོང་རྣམས་ཀྱིས་ཨབ་ར་ཧམ་ལ་འདི་སྐད༌དུ། ཁྱོད་ཀྱི་ཆུང་མ་སཱ་ར་གང་དུ་ཡོད་ཅེས་དྲིས་པ༌ན། ཨབ་ར་ཧམ་ན༌རེ། སྦྲ་གུར་ནང་དུ་ཡོད་ཅེས་ལན་བཏབ༌བོ།། 10 དེ་ནས་ཁོང་རྣམས་ལས་གཅིག་ན༌རེ། སང་ལོའི་དུས་འདི༌ལ། ང་རང་ཕྱིར་ཁྱོད་ཀྱི་ཡུལ་འདིར་འོང་ངེས༌ཤིང༌། ཁྱོད་ཀྱི་ཆུང་མ་སཱ་ར་ལ་བུ་ཞིག་སྐྱེ་བར་འགྱུར་ཞེས་གསུངས་པ༌དང༌། སཱ་རས་ཀྱང་མི་དེའི་ལྟག་རྒྱབ་ཀྱི་སྦྲ་གུར་མདུན་ནས་གཏམ་དེར་ཉན་བཞིན༌བསྡད། 11 སྐབས་དེར་ཨབ་ར་ཧམ་དང་སཱ་ར་གཉིས་དགུང་ལོ་མཐོ༌ཞིང༌། སཱ་རའི་ཟླ་མཚན་ཡང་ཆད་ཟིན༌ཏོ།། 12 སཱ་རའི་སེམས་སུ་ཁོང་དགོད་ཅིག་བྱས༌ཏེ། བདག་ནི་རྒས་ཤིང་ཉམས་པ་དང་ངའི་བདག་པོའང་རྒས་ཟིན༌པས། དོན་ལེགས་པོ་འདི་ལྟ་བུ་འབྱུང་སྲིད་དམ་སྙམ༌མོ།། 13 དེ་ནས་དཀོན་མཆོག་ཡ་ཝཱེས་ཨབ་ར་ཧམ་ལ་འདི་སྐད༌དུ། སཱ་རས་ཅིའི་ཕྱིར་ཁོང་དགོད་བྱས༌ཏེ། བདག་ནི་རྒས་འཁོགས་རྒན་མོར་གྱུར་པ་ལ་བུ་སྐྱེ་ནུས་སམ་ཞེས༌སྨྲའམ། 14 དཀོན་མཆོག་ཡ་ཝཱེ་ལ་བསྒྲུབ་མི་ནུས་པའི་བྱ་བ་ཡོད་སྲིད༌དམ། སང་ལོའི་དུས་འདིར་སླེབས་ཚེ། བདག་ནི་ཁྱོད་ཀྱི་ཡུལ་འདིར་འོང་ངེས༌ཤིང༌། སཱ་ར་ལའང་བུ་ཞིག་སྐྱེ་ངེས་ཡིན་ཞེས་གསུངས༌སོ།། 15 སཱ་རས་གསུང་དེ་ཐོས་པ་དང་འཇིགས་པར་གྱུར་ནས་དོན་དེ་ཁས་མ་བླངས་པར་ན༌རེ། ང་རང་མ་བགད་ཅེས༌སྨྲས། ཡང་ཁོང་གིས་འདི་སྐད༌དུ། དེ་འདྲ་ག་ལ༌ཡིན། ཁྱོད་རང་བགད་བྱུང་ཞེས་གསུངས༌སོ།།
ཨབ་ར་ཧམ་གྱིས་སཱ་དོམ་གྱི་ཆེད་དུ་ཞུ་བ་ཕུལ༌བ།
16 དེ་ནས་ཁོང་གསུམ་པོ་གནས་དེ་ནས་ལམ་ལ་ཆས་ཏེ་སཱ་དོམ་གྱི་ཕྱོགས་སུ་གཟིགས༌ཤིང༌། ཨབ་ར་ཧམ་ཡང་ཁོང་རྣམས་དང་མཉམ་དུ་ལམ་ལ་ཆས་ཏེ་སྐྱེལ་མ་མཛད༌དོ།། 17 ཡང་དཀོན་མཆོག་ཡ་ཝཱེས་འདི་སྐད༌དུ། བདག་གིས་བསྒྲུབ་པར་འགྱུར་བའི་དོན་རྣམས་ཨབ་ར་ཧམ་ལ་གསང་འོས༌སམ། 18 ཨབ་ར་ཧམ་ནི་རྒྱལ་ཁབ་ཆེན་པོ་ཞིག་ཏུ་འགྱུར་ངེས༌ཤིང༌། ས་སྟེང་གི་མི་རིགས་ཐམས་ཅད་ལ་ཁོ་རང་བརྒྱུད་ནས་བྱིན་རླབས་འཐོབ་པར༌འགྱུར། 19 ཅིའི་ཕྱིར་ཞེ༌ན། ཁོས་རང་ཉིད་ཀྱི་བུ་ཕྲུག་དང་རིགས་རྒྱུད་རྣམས་ལ་བདེན་པ་བདེན་དྲང་སྒོས་བདག་གི་ལམ་བསྲུང་བར་གདམས་པ༌དང༌། བདག་གིས་ཨབ་ར་ཧམ་གྱི་སྐོར་ལ་སྨྲས་པའི་དོན་རྣམས་ཀྱང་འགྲུབ་པར་འགྱུར་བའི༌ཕྱིར། བདག་གིས་ཁོ་རང་བདམས་པ་ཡིན་ཞེས༌དང༌། 20 ཡང་ཁོང་གིས་འདི་སྐད༌དུ། སཱ་དོམ་དང་གཱ་མོ་ར་གཉིས་ཀྱི་ནག་ཉེས་སྐད་གྲགས་ཆེ་ཞིང་སྡིག་པའང་ཤིན་ཏུ་ཚབས༌ཆེ། 21 ད་ལྟ་བདག་མར་སོང་སྟེ་ཁོ་རྣམས་ཀྱི་བྱ་སྤྱོད་ལ་རྟོག་དཔྱོད་བྱེད༌དེ། དངོས་གནས་བདག་གི་རྣ་བས་ཐོས་པའི་གྲགས་སྐད་ཇི་བཞིན་ཡིན༌ནམ། གལ་སྲིད་དེ་འདྲ་མིན་ན་བདག་གིས་རྟོགས་ངེས་ཡིན་ཞེས་གསུངས༌སོ།།
22 ཡང་དེ་རྣམས་ལས་མི་གཉིས་ཡུལ་དེ་དང་ཁ་བྲལ་ནས་སཱ་དོམ་གྱི་ཕྱོགས་སུ་སོང༌ནའང༌། ཨབ་ར་ཧམ་ནི་དཀོན་མཆོག་ཡ་ཝཱེའི་དྲུང་དུ་སྔར་བཞིན་ལངས་ནས་བསྡད༌དོ།། 23 དེ་ནས་ཨབ་ར་ཧམ་དཀོན་མཆོག་ཡ་ཝཱེའི་མདུན་དྲུང་དུ་ཡོང་སྟེ་ན༌རེ། ཁྱེད་ཀྱིས་མི་རྣམ་དག་དང་མི་ངན་པ་གང་ཡིན་ཡང་མཉམ་དུ་མེད་པར༌བཟོའམ། 24 གལ༌ཏེ། གྲོང་ཁྱེར་དེ་རུ་མི་རྣམ་དག་ལྔ་བཅུ་ཡོད་ན་ཁྱེད་ཀྱིས་གྲོང་ཁྱེར་དེ་མེད་པར་གཏོང༌ངམ། མི་རྣམ་དག་ལྔ་བཅུ་བོ་དེའི་རྐྱེན་གྱིས་གྲོང་ཁྱེར་དེ་ལ་དགོངས་ཡངས་མི་མཛད༌དམ། 25 ཁྱེད་ཀྱིས་མི་རྣམ་དག་དང་མི་ངན་པ་མཉམ་དུ་གསོད༌པའམ། ཡང་ན་མི་རྣམ་དག་དང་མི་ངན་པ་གཉིས་ལ་འདྲ་མཉམ་གྱི་ལྟ་སྟངས་འཛིན༌ནམ། ཁྱེད་ཀྱིས་འདི་ལྟར་བྱ་རུང༌ངམ། ས་གཞི་ཐམས་ཅད་ཀྱི་ཁྲིམས་དཔོན་ཆེན་པོ་ཁྱེད་ཀྱིས་དྲང་བདེན་གྱི་ལས་མི་མཛད་དམ་ཞེས་ཞུས༌སོ།། 26 དེ་ནས་དཀོན་མཆོག་ཡ་ཝཱེས་འདི་སྐད༌དུ། གལ་སྲིད་བདག་གིས་སཱ་དོམ་གྲོང་ཁྱེར་ནས་མི་རྣམ་དག་ལྔ་བཅུ་མཐོང༌ཚེ། བདག་གིས་ཁོ་རྣམས་ཀྱི་རྐྱེན་གྱིས་ཡུལ་དེ་ཐམས་ཅད་ལ་གུ་ཡངས་གཏོང་ངེས་ཡིན་ཞེས་གསུངས༌སོ།། 27 དེ་ནས་ཨབ་ར་ཧམ་ན༌རེ། བདག་ནི་རྡུལ་ཕྲན་ཙམ་ཡིན༌ཡང༌། དཀོན་མཆོག་ཁྱེད་ལ་འདི་ལྟར་ཞུ་ཕོད༌དོ།། 28 གལ་ཏེ་མི་རྣམ་དག་ལྔ་བཅུ་ལས་མི་ལྔ་ཇེ་ཉུང་དུ་སོང༌ན། ཁྱེད་ཀྱིས་མི་རྣམ་དག་ལྔ་ཇེ་ཉུང་དུ་སོང་བའི་རྒྱུ་མཚན་གྱིས་གྲོང་ཁྱེར་ཡོངས་རྫོགས་མེད་པར་གཏོང་ངམ་ཞེས་ཞུས༌སོ། །ཡང་དཀོན་མཆོག་ཡ་ཝཱེས་འདི་སྐད༌དུ། གལ་སྲིད་བདག་གིས་ཡུལ་དེ་ནས་མི་རྣམ་དག་བཞི་བཅུ་ཞེ་ལྔ་མཐོང་ན་གྲོང་ཁྱེར་དེ་མེད་པར་མི་བྱ་ཞེས་གསུངས༌སོ།། 29 ཡང་ཨབ་ར་ཧམ་གྱིས་དཀོན་མཆོག་ཡ་ཝཱེ༌ལ། གལ་ཏེ་ཡུལ་དེ་ནས་མི་རྣམ་དག་བཞི་བཅུ་མཐོང་ན་ཅི་ལྟར་བྱེད་དམ་ཞེས་ཞུས་པ༌དང༌། ཡང་དཀོན་མཆོག་ཡ་ཝཱེས་འདི་སྐད༌དུ། བདག་གིས་མི་རྣམ་དག་བཞི་བཅུ་བོ་དེའི་རྐྱེན་གྱིས་དོན་འདི་མི་བྱ་ཞེས་གསུངས༌སོ།། 30 ཡང་ཨབ་ར་ཧམ་ན༌རེ། ཀྱེ། གཙོ་བོ༌ལགས། ཁྱེད་རང་དགོངས་པ་མི་ཚོམ་པར༌མཁྱེན། བདག་ལ་གསུང་གནང་བར་མཛོད༌དང༌། གལ་སྲིད་ཁྱེད་ཀྱིས་ཡུལ་དེ་ནས་མི་རྣམ་དག་སུམ་ཅུ་མཐོང་ན་ཅི་ལྟར་བྱའམ་ཞུས་པ༌ལ། ཡང་དཀོན་མཆོག་ཡ་ཝཱེས་འདི་སྐད༌དུ། གལ་ཏེ་བདག་གིས་ཡུལ་དེ་ནས་མི་རྣམ་དག་སུམ་ཅུ་མཐོང་ན་དོན་འདི་མི་བསྒྲུབ་ཅེས་གསུངས༌སོ།། 31 ཡང་ཨབ་ར་ཧམ་ན༌རེ། བདག་གིས་ད་དུང་དཀོན་མཆོག་ལ་གཏམ་སྨྲ་བར་ཕོད༌དེ། གལ་སྲིད་ཁྱེད་ཀྱིས་ཡུལ་དེ་ནས་མི་རྣམ་དག་ཉི་ཤུ་མཐོང་ན་ཅི་ལྟར་བྱའམ་ཞེས་ཞུས་པ༌ལ། ཡང་དཀོན་མཆོག་ཡ་ཝཱེས་འདི་སྐད༌དུ། བདག་གིས་མི་རྣམ་དག་ཉི་ཤུ་བོ་དེའི་རྐྱེན་གྱིས་གྲོང་ཁྱེར་དེ་ཉིད་མེད་པར་མི་བྱ་ཞེས་གསུངས༌སོ།། 32 ཡང་ཨབ་ར་ཧམ་ན༌རེ། ཀྱེ། གཙོ་བོ༌ལགས། ཁྱེད་རང་དགོངས་པ་མི་ཚོམ་པར༌མཁྱེན། བདག་ལ་ད་དུང་ཐེངས་གཅིག་ལ་གསུང་གནང་བར༌མཛོད། གལ་ཏེ་ཁྱེད་ཀྱིས་ཡུལ་དེ་ནས་མི་རྣམ་དག་བཅུ་མཐོང་ན་ཅི་ལྟར་བྱའམ་ཞེས་ཞུས་པ༌ལ། ཡང་དཀོན་མཆོག་ཡ་ཝཱེས་འདི་སྐད༌དུ། བདག་གིས་མི་རྣམ་དག་བཅུ་བོ་དེའི་རྐྱེན་གྱིས་གྲོང་ཁྱེར་དེ་ཉིད་མེད་པར་མི་བྱ་ཞེས་གསུངས༌སོ།། 33 དེ་ནས་དཀོན་མཆོག་ཡ་ཝཱེས་ཨབ་ར་ཧམ་ལ་གསུང་གླེང་མཛད་རྗེས་བཞུད༌ཅིང༌། ཨབ་ར་ཧམ་ཡང་ཕྱིར་རང་ཡུལ་དུ་ལོག༌གོ།
* ལེའུ་བཅོ་བརྒྱད༌པ།:6 འདིར་བྲེ་ཞེས་པར་མ་ཕྱི་ལས་ཡ་ཧུ་དཱའི་སྐད་དོད་དེ་སི་ཨཱ་ཞེས་མཐོང་ལ། ལྗིད་ཚད་འཇལ་བྱེད་ཚད་གཞི་ཞིག་གི་མིང་ཡིན་ཏེ་སི་ཨཱ་གཅིག་ནི་སྤྱི་རྒྱ་བཅུ་དྲུག་ཙམ་ཡིན།