ལེའུ་ཉི་ཤུ༌པ།
ཨབ་ར་ཧམ་ཞེས་བྱ་བ་གེ་རཱར་གྲོང་ཁྱེར་དུ་བཞུགས༌པ།
1 དེ་ཡང་ཨབ་ར་ཧམ་ཡུལ་དེ་ནས་ནེ་གུབ་ཡུལ་ཕྱོགས་ཀྱི་ཀཱ་དེའེ་ཤཱ་དང་ཤུར་ཞེས་པའི་ཡུལ་བར་དུ་ཁྱིམ་གཞིས་སྤར་བ་དང་གེ་རཱར་གྲོང་ཁྱེར་དུ་བསྡད༌དོ།།
2 དེ་ནས་ཨབ་ར་ཧམ་གྱིས་རང་གི་ཆུང་མ་སཱ་ར་ནི་རང་གི་སྲིང་མོ་ཡིན་ཟེར༌བས། གེ་རཱར་གྱི་རྒྱལ་པོ་ཨ་བི་མེ་ལེག་གིས་མི་མངགས་ནས་སཱ་ར་རང་གི་ཁྱིམ་དུ་བླངས༌སོ།།
3 འོན༌ཀྱང༌། མཚན་མོའི་དུས༌སུ། རྒྱལ་པོ་ཨ་བི་མེ་ལེག་གི་རྨི་ལམ་དུ་དཀོན་མཆོག་དངོས་སུ་ཕེབས་ཏེ་ཁོ་རང་ལ་འདི་སྐད༌དུ། ཁྱོད་ནི་གཤིན་པོ་ལྟ་བུ༌ཡིན། ཅིའི་ཕྱིར་ཞེ༌ན། ཁྱོད་ཀྱིས་བུད་མེད་དེ་རང་གི་ཁྱིམ་དུ་བླངས་པའི་ཕྱིར༌ཡིན། བུད་མེད་དེ་ནི་མི་གཞན་གྱི་ཆུང་མ་ཡིན་ཞེས་གསུངས༌སོ།།
4 ཨ་བི་མེ་ལེག་ནི་སཱ་ར་དང་ཉེ་བར་འགྲོགས་མེད༌པས། ཁོ་ན༌རེ། གཙོ་བོ་ལགས། ཁྱེད་ཀྱིས་སྐྱོན་གྱི་དྲི་མས་མ་གོས་པའི་རྒྱལ་ཁབ་ཀྱང་མེད་པར༌བཟོའམ།
5 མི་དེས་བདག་ལ་ཁོ་མོ་ང་ཡི་སྲིང་མོ་ཡིན་ཞེས་སྨྲས་པ་མ་ཡིན༌ནམ། བུད་མེད་དེས་ཀྱང་བདག་ལ་ཁོ་ངའི་གཅེན་པོ་ཡིན་ཞེས་སྨྲས་མྱོང་བ༌དང༌། བདག་གིས་དོན་འདི་བསྒྲུབས་པ་ནི་བསམ་པ་དྲང་ཞིང་སྤྱོད་ལམ་གཙང་བ་ཡིན་ཞེས་སྨྲས༌སོ།།
6 ཡང་དཀོན་མཆོག་གིས་ཁོའི་རྨི་ལམ་ལས་འདི་སྐད༌དུ། ཁྱོད་ཀྱིས་བསམ་པ་དྲང་པོའི་ངང་ནས་དོན་འདི་བསྒྲུབས་པ་བདག་གིས༌ཤེས། ཁྱོད་ཀྱིས་བདག་ལ་འགལ་བའི་སྡིག་པ་མི་བྱེད་པའི་ཕྱིར་ངས་ཁྱོད་རང་བཀག༌པར་མ་ཟད། ཁྱོད་ལ་ཁོ་མོར་རེག་ཏུའང་མ་བཅུག་པ་ཡིན།
7 ད་ལྟ་ཁྱོད་ཀྱིས་བུད་མེད་དེ་ཕྱིར་ཁོ་མོའི་ཁྱོ་གར་སྤྲོད༌ཅིག ཁོ་མོའི་ཁྱོ་ག་ལུང་སྟོན་པ་ཞིག་ཡིན༌ཞིང༌། ཁོས་ཁྱོད་ཀྱི་ཆེད་དུ་གསོལ་བ་འདེབས་པ་དང་ཁྱོད་ཀྱང་འཆི་བར་མི་འགྱུར༌རོ། །གལ་ཏེ་ཁྱོད་ཀྱིས་ཁོ་མོ་ཕྱིར་མ་སྤྲད༌ན། ཁྱོད་དང་ཁྱོད་ཀྱི་མི་ཐམས་ཅད་འཆི་ངེས་པ་ཁྱོད་ཀྱིས་ཤེས་དགོས་ཞེས་གསུངས༌སོ།།
8 ཞོགས་པར་ཨ་བི་མེ་ལེག་ཡར་ལངས་ཏེ་བློན་པོ་ཐམས་ཅད་བསྡུས༌ཤིང༌། དོན་དེ་དག་ཁོ་རྣམས་ལ་སྨྲས་པ་དང་དེ་དག་ཤིན་ཏུ་འཇིགས་པར༌གྱུར།
9 དེ་ནས་ཨ་བི་མེ་ལེག་གིས་ཨབ་ར་ཧམ་བོས༌ཏེ། ཁྱོད་ཀྱིས་ངེད་རྣམས་ལ་འདི་ལྟར་བྱེད་དོན༌ཅི། བདག་གིས་དོན་གང་ཞིག་གི་ཆ་ནས་ཁྱོད་ལ་འགལ་བའི་སྡིག་པ་བྱས༌སམ། ཁྱོད་ཀྱིས་བདག་དང་བདག་གི་རྒྱལ་ཁབ་ཀྱི་མི་རྣམས་ལ་མ་ཉེས་ཁག་འགེལ་བྱེད༌དམ། ཁྱོད་ཀྱིས་བདག་ལ་བྱ་མི་འོས་པ་བྱས་སོ་ཞེས་སྨྲས་པ༌དང༌།
10 ཡང་ཨ་བི་མེ་ལེག་ན༌རེ། ཁྱོད་ཀྱིས་དོན་གང་ཞིག་མཐོང་སྟེ་འདི་ལྟར་བྱས་སམ་ཞེས་སྨྲས༌སོ།།
11 ཡང་ཨབ་ར་ཧམ་གྱིས་འདི་སྐད༌དུ། ངས་ས་ཆ་འདིའི་མི་རྣམས་དཀོན་མཆོག་ལ་མི་གུས་མི་འཇིགས་པར་འདོད༌ཅིང༌། ཁྱོད་རྣམས་ཀྱིས་བདག་གི་ཆུང་མའི་རྐྱེན་གྱིས་ང་རང་གསོད་ངེས་པར༌བསམས།
12 ཁོ་མོ་དངོས་གནས་བདག་གི་སྲིང་མོ་ཡིན༌ཏེ། ངེད་གཉིས་ནི་ཕ་གཅིག་དང་མ་མི་གཅིག་པའི་མིང་སྲིང་ཡིན་པ༌དང༌། ཕྱིས་སུ་ཁོ་མོ་བདག་གི་ཆུང་མར་གྱུར༌ཏོ།།
13 དེ་སྔར་དཀོན་མཆོག་གིས་ང་རང་ཕ་གཞིས་དང་ཁ་བྲལ་ནས་ས་མཐར་འགྲིམས་པར་མཛད་པའི་དུས༌དེར། ངས་ཁོ་མོ་ལ་འདི་ལྟར་སྨྲས་པ༌སྟེ། ངེད་གཉིས་ས་ཆ་གང་དུ་སོང༌ནའང༌། ཁྱོད་ཀྱིས་མི་གཞན་ལ་ཁོ་བདག་གི་གཅེན་པོ་ཡིན་ཞེས་སྨྲོས༌དང༌། དེ་ལྟར་བྱས་ན་ཁྱོད་ཀྱིས་བདག་ལ་རོགས་རམ་བྱས་པ་ཡིན་ཞེས་བཤད་མྱོང་ཞེས་སྨྲས༌སོ།།
14 དེ་ནས་ཨ་བི་མེ་ལེག་གིས་ར་ལུག་དང་བ༌གླང༌། གཡོག་པོ་དང་གཡོག་མོ་དག་ཨབ་ར་ཧམ་ལ་གནང་བ༌དང༌། ཁོང་གི་ཆུང་མ་སཱ་རའང་ཕྱིར་སྤྲད༌དོ།།
15 ཡང་ཁོ་ན༌རེ། ལྟོས༌དང༌། བདག་གི་ས་ཐམས་ཅད་ཁྱོད་ཀྱི་མིག་མདུན་དུ་ཡོད༌པས། ཁྱོད་རང་གི་འདོད་མོས་བཞིན་གང་དུ་བཞུགས་ཀྱང་འོས་པ་ཡིན་ཞེས་སྨྲས༌སོ།།
16 ཡང་ཁོས་སཱ་ར་ལ་འདི་ལྟར་སྨྲས་པ༌སྟེ། ངས་ཁྱོད་ཀྱི་གཅེན་པོར་དངུལ་སྒོར་ཆིག་སྟོང་སྤྲད་པ༌དང༌། དེ་ནི་ཁྱོད་རང་མི་ཚོགས་ཀྱི་མདུན་དུ་ངོ་གནོང་མི་དགོས་པ༌དང༌། ཁྱོད་ལ་ཉེས་སྐྱོན་མེད་པའི་སྐྱིན་ཚབ་ཏུ་སྤྲད་པ་ཡིན་ཞེས་སྨྲས༌སོ།།
17 དེ་ནས་ཨབ་ར་ཧམ་གྱིས་དཀོན་མཆོག་ལ་གསོལ་བ་བཏབ་པ༌དང༌། དཀོན་མཆོག་གིས་ཨ་བི་མེ་ལེག༌དང༌། ཁོའི་ཆུང་མ༌དང༌། གཡོག་མོ་ཐམས་ཅད་ཀྱི་ནད་གསོས་ཤིང་དེ་དག་ལ་མངལ་ཆགས་ཐུབ་པར་མཛད༌དོ།།
18 རྒྱུ་མཚན་ནི་དཀོན་མཆོག་ཡ་ཝཱེས་ཨབ་ར་ཧམ་གྱི་ཆུང་མ་སཱ་རའི་རྐྱེན༌གྱིས། དེ་སྔར་ཨ་བི་མེ་ལེག་ཚང་གི་བུད་མེད་ཐམས་ཅད་མངལ་མི་ཆགས་པར་མཛད་པའི་ཕྱིར༌རོ།།