ལེའུ་ཞེ་བརྒྱད༌པ།
ཡོ་སེབ་ཀྱིས་རང་གི་བུ་གཉིས་ཁྲིད་ནས་ཕ་ཡེས་ར་ཨེལ་ལ་བལྟ་རུ་སོང༌བ།
1 དེ་ཡང་དོན་དེའི་རྗེས་སུ་མི་ཞིག་གིས་ཡོ་སེབ་ལ་འདི༌ལྟར། ཁྱེད་ཀྱི་ཡབ་ལ་སྙུང་གཞི་བྱུང་འདུག་ཅེས་སྨྲས་པ་དང་ཁོས་རང་གི་བུ་མཱ་ན་ཤེ་དང་ཨེ་ཕཱར་ཡིམ་གཉིས་ཁྲིད་ནས་ཕ་ལ་བལྟ་རུ༌སོང༌།
2 དེ་ནས་མི་ཞིག་གིས་ཡ་ཀོབ་ལ་འདི༌ལྟར། ལྟོས༌དང༌། ཁྱེད་ཀྱི་བུ་ཡོ་སེབ་འདི་རུ་སླེབས་བྱུང་ཞེས་སྨྲས་པ༌དང༌། ཡེས་ར་ཨེལ་མལ་ལས་ནན་གྱིས་ཡར་དགྱེ་སྟེ་ཙོག་པུར་བསྡད༌དོ།།
3 ཡ་ཀོབ་ཀྱིས་ཡོ་སེབ་ལ་འདི༌ལྟར། ཀུན་དབང་དཀོན་མཆོག་གིས་ཀ་ན་ཨན་ཡུལ་གྱི་ལོ་ཟི་ནས་བདག་ལ་མངོན་པར་མཛད་པ་དང་བྱིན་རླབས་གནང་སྟེ་འདི་སྐད༌དུ།
4 བདག་གིས་ཁྱོད་ཀྱི་རིགས་རྒྱུད་མང་དུ་སྤེལ་ནས་མི་རིགས་ཆེན་པོ་ཞིག་ཏུ་བསྒྱུར་ངེས༌ཤིང༌། ཁྱོད་ཀྱི་རིགས་རྒྱུད་ཕྱི་མ་རྣམས་ནི་རྟག་ཏུ་ཡུལ་འདིའི་བདག་པོར་མཛད་པར་བྱ་ཞེས་གསུངས༌སོ།།
5 ང་རང་ཨེ་ཅིབ་ཡུལ་དུ་མ་ཡོང་བའི་སྔོན༌དུ། ཁྱོད་ལ་ཨེ་ཅིབ་ཡུལ་དུ་སྐྱེས་པའི་བུ་ཨེ་ཕཱར་ཡིམ་དང་མཱ་ན་ཤེ་གཉིས་ནི་བདག་གི་བུའང་ཡིན༌ཏེ། ངའི་བུ་རུ་བེན་དང་སི་མུ་ཨོན་དང་མཚུངས་པར་བདག་གི་རིགས་རྒྱུད་ཡིན་པའི་ཕྱིར༌རོ།།
6 འོན༌ཀྱང༌། ཁྱོད་ལ་བུ་དེ་གཉིས་ལས་གཞན་དུ་སྐྱེས་པ་ནི་ཁྱོད་ཀྱི་རིགས་རྒྱུད་ཡིན༌ཞིང༌། བུ་གཞན་རྣམས་ལའང་སྤུན་ཨེ་ཕཱར་ཡིམ་དང་མཱ་ན་ཤེ་གཉིས་ལས་ས་སྐལ་འཐོབ་དགོས༌སོ།།
7 བདག་ལ་མཚོན༌ན། ཕཱ་དན་ཡུལ་ནས་ཡོང་བའི་དུས༌སུ། རཱ་ཧེལ་ནི་ཀ་ན་ཨན་ཡུལ་གྱི་ལམ་བར་དུ་ངའི་མིག་མདུན་ནས་ཚེ་ལས་འདས་པ༌དང༌། ཨེབ་རཱད་དང་ལམ་ཐག་ངེས་ཅན་ཞིག་ཡོད༌པས། བདག་གིས་ཁོ་མོའི་བེམ་པོ་ཨེབ་རཱད་ཀྱི་ལམ་འགྲམ་དུ་དུར་ལ་སྦས་པ༌ཡིན། ཨེབ་རཱད་ཅེས་པ་པེད་ལེ་ཧེམ་ཡིན་ཞེས་སྨྲས༌སོ།།
8 དེ་ནས་ཡེས་ར་ཨེལ་གྱིས་ཡོ་སེབ་ཀྱི་བུ་གཉིས་མཐོང་བ་དང་མི་འདི་གཉིས་སུ་ཡིན་ནམ་ཞེས་དྲིས་པ༌ན།
9 ཡོ་སེབ་ན༌རེ། འདི་གཉིས་ནི་དཀོན་མཆོག་གིས་ཡུལ་འདི་ནས་བདག་ལ་གནང་བའི་བུ་ཡིན་ཞེས་ལན་བཏབ་པ༌དང༌། ཡང་ཡེས་ར་ཨེལ་ན༌རེ། ཁྱོད་ཀྱི་བུ་གཉིས་པོ་བདག་གི་གམ་དུ་ཁྲིད་ཤོག༌ཅིག བདག་གིས་ཁོ་གཉིས་ལ་བྱིན་རླབས་གནང་བར་བྱ་ཞེས་སྨྲས༌སོ།།
10 ཡེས་ར་ཨེལ་དགུང་ལོ་མཐོ་ཞིང་མིག་ཟུང་རབ་རིབ་ཏུ་གྱུར་ཡོད་པས་ཅི་ཡང་མ༌མཐོང༌། དེ་ནས་ཡོ་སེབ་ཀྱིས་རང་གི་བུ་གཉིས་པོ་ཕ་ཡི་གམ་དུ་ཁྲིད་ཡོང་བ༌དང༌། ཡེས་ར་ཨེལ་གྱིས་ཡོ་སེབ་ཀྱི་བུ་གཉིས་ལ་འཇུས་ཤིང་འོ་བྱས༌སོ།།
11 ཡེས་ར་ཨེལ་གྱིས་ཡོ་སེབ་ལ་འདི༌ལྟར། ངའི་སེམས་སུ་བདག་ཁྱོད་དང་འཕྲད་མི་ཐུབ་པར་སྙམ༌ཡང༌། དཀོན་མཆོག་གི་ཐུགས་རྗེ་ལས་བདག་གིས་ཁྱོད་ཀྱི་བུ་རྒྱུད་ཀྱང་མཐོང་བྱུང་ཞེས་སྨྲས༌སོ།།
12 ཡོ་སེབ་ཀྱིས་རང་གི་བུ་གཉིས་པོ་ཕ་ཡི་དྲུང་ནས་ཚུར་ཁྲིད༌ཅིང༌། ཁོས་ཕ་ཡི་དྲུང་དུ་མགོ་སྨད་དུ་བསྒུར་ནས་ཕྱག་བཙལ༌ཏོ།།
13 ཡོ་སེབ་ཀྱིས་བུ་གཉིས་ཕ་ཡི་དྲུང་དུ་ཁྲིད་པ༌སྟེ། ལག་པ་གཡས་པས་ཨེ་ཕཱར་ཡིམ་གྱི་ལག་པར་འཇུས་ཤིང་ཡེས་ར་ཨེལ་གྱི་གཡོན་ཕྱོགས་སུ་གཏད་པ༌དང༌། ལག་པ་གཡོན་པས་མཱ་ན་ཤེའི་ལག་པར་འཇུས་ཏེ་ཡེས་ར་ཨེལ་གྱི་གཡས་ཕྱོགས་སུ་གཏད་པ༌རེད།
14 ཡེས་ར་ཨེལ་གྱིས་ལག་པ་གཡས་པ་བརྐྱངས་ཏེ་ཨེ་ཕཱར་ཡིམ་གྱི་མགོ་ལ་བཞག༌གོ །ཨེ་ཕཱར་ཡིམ་ནི་བུ་ཆུང་བ༌ཡིན། ཡང་ཡེས་ར་ཨེལ་གྱིས་ལག་པ་གཡོན་པ་བསྣོལ་ཏེ་མཱ་ན་ཤེའི་མགོ་ལ་བཞག༌གོ །མཱ་ན་ཤེ་ནི་བུ་སྐྱེས་འགོ་ཡིན།
15-16 ཡེས་ར་ཨེལ་གྱིས་བུ་ཡོ་སེབ་ལ་འདི་ལྟར་བྱིན་རླབས་གནང་བ༌སྟེ།
བདག་གི་མེས་པོ་ཨབ་ར་ཧམ་དང་ཡབ་ཆེན་ཨི་སཱག་གིས་ནི་བཀུར་བ༌དང༌།།
ཆུང་ངུའི་དུས་ནས་བདག་ལ་གཅེས་ཤིང་སྐྱོང་བ་བླ་ན་མེད་པའི་དཀོན་མཆོག༌གིས།།
བདག་གི་དཀའ་སྡུག་ཐམས་ཅད་བསལ་བར་མཛད་ཅིང་མངགས་པའི་ཕོ་ཉ་དེ་ཡིས༌ནི།།
བུ་ཆུང་གཉིས་ལ་བྱིན་རླབས་གནང་ཞིང་དེ་གཉིས་བརྒྱུད་ནས་བདག་གི་མིང་འདི༌དང༌།།
མེས་པོ་ཨབ་ར་ཧམ་དང་ཨི་སཱག་མིང་བཅས་འཇིག་རྟེན་ཡོངས་སུ་རྒྱས་པར༌ཤོག །
བུ་ཆུང་གཉིས་ཀྱི་རིགས་རྒྱུད་མང་དུ་འཕེལ་ནས་འཇིག་རྟེན་ཀུན་ལ་ཁྱབ་པར༌སྨོན། །ཞེས་སྨྲས༌སོ།།
17 དེ་ནས་ཕ་ཡིས་ལག་པ་གཡས་པ་ཨེ་ཕཱར་ཡིམ་གྱི་མགོ་ལ་བཞག་པའི་དོན་དེ་ཡོ་སེབ་ཀྱིས་མཐོང་ཞིང་ཡིད་མ་དགའ་བར་ཕ་ཡི་ལག་པར་འཇུས་པ༌དང༌། ཕ་ཡི་ལག་པ་བཏེགས་ནས་བུ་མཱ་ན་ཤེའི་མགོ་ལ་འཇོག་པར་བསམས་སོ།།
18 ཡོ་སེབ་ཀྱིས་ཕ་ལ་འདི༌ལྟར། བདག་གི་ཕ༌ལགས། དེ་ལྟར་མ་ཡིན༌ཏེ། འདི་ནི་བུ་སྐྱེས་འགོ་ཡིན། ཁྱེད་ཀྱིས་ལག་པ་གཡས་པ་ཁོའི་མགོ་ལ་འཇོག་པར་མཛོད་ཅེས་སྨྲས༌སོ།།
19 ཁོའི་ཕ་ཡིས་དེ་ཁས་མ་བླངས་པར་འདི༌ལྟར། ངས་རྟོགས༌སོ། །བདག་གི༌བུ། ངས་རྟོགས༌སོ། །མཱ་ན་ཤེ་མི་རིགས་ཤིག་ཏུ་འགྱུར་བར་མ་ཟད། ཁོ་རང་མི་རླབས་ཆེན་ཞིག་ཏུའང་འགྱུར་ངེས་མོད། འོན༌ཀྱང༌། ཁོའི་གཅུང་པོ་ནི་མ་འོངས་པ་ན་ཁོ་ལས་ཀྱང་རླབས་ཆེན་པོར་འགྱུར་བ༌དང༌། ཁོའི་གཅུང་པོའི་རིགས་རྒྱུད་ཀྱང་མི་རིགས་མང་པོ་ཞིག་ཏུ་འགྱུར་ངེས་ཡིན་ཞེས་སྨྲས༌ཤིང༌།
20 ཁོང་གིས་ཉིན་དེར་བུ་གཉིས་ལ་འདི༌ལྟར། མ་འོངས་པ་ན་ཡེས་ར་ཨེལ་མི་རིགས་ཀྱིས་ཁྱོད་གཉིས་ཀྱི་མིང་ལ་བརྟེན་ནས་བྱིན་རླབས་འདི་ལྟར་གནང་བ༌སྟེ། དཀོན་མཆོག་གིས་ཨེ་ཕཱར་ཡིམ་དང་མཱ་ན་ཤེ་བཞིན་དུ་ཁྱོད་ལའང་བྱིན་རླབས་གནང་བར་སྨོན་ཞེས་སྨྲ་བར་ངེས་ཞེས་སྨྲས༌པས། ཨེ་ཕཱར་ཡིམ་ནི་མཱ་ན་ཤེ་ལས་མཐོ་བར་བྱས༌སོ།།
21 དེ་ནས་ཡེས་ར་ཨེལ་གྱིས་ཡོ་སེབ་ལ་འདི༌ལྟར། བདག་ནི་འཆི་ལ༌ཉེ། འོན་ཀྱང་དཀོན་མཆོག་ཁྱོད་རྣམས་དང་ལྷན་དུ་བཞུགས་ངེས༌ཤིང༌། ཁོང་གིས་ཁྱོད་རྣམས་ཁྲིད་ནས་ཁྱོད་ཅག་གི་མེས་པོའི་ཕ་སར་འགྲོ་ངེས༌ཡིན།
22 བདག་གིས་སྔོན་ཆད་མདའ་གཞུ་དང་རལ་གྲིར་བརྟེན་ནས་ཨེ་མོར་མི་རིགས་ཀྱི་ལག་ནས་ཕྲོགས་པའི་ས་ཆ་དེ་དག་སྤུན་གཞན་རྣམས་ལའང་གནང་ཞིང་ཁྱོད་ལ་བགོ་སྐལ་གཅིག་ཇེ་མང་དུ་གནང་བ་ཡིན་ཞེས་སྨྲས༌སོ།།