༄༅། །ལུང་སྟོན་པ་ཧ་བཱ་ཁུག་གི་མདོ།
ལུང་སྟོན་པ་ཧ་བཱ་ཁུག་གི་མདོ་ཞེས་བྱ་བའི་ངོ་སྤྲོད་མདོར་བསྡུས།
ཁ་བྱང་དང་ལོ་རྒྱུས་རྒྱབ་ལྗོངས།
གཞུང་འདིའི་ཁ་བྱང་ནི་ཡི་གེར་འགོད་མཁན་གྱི་མིང་ནས་ཐོགས་པ་ཡིན། དེ་ནི་ཨིབ་རི་པའི་སྐད་ཡིག་གཞི་བྱས་ནས་བྱུང་བ་སྟེ། དམ་པོར་འཆིང་བའམ་འཐམ་པ་ཞེས་པའི་དོན་ཡིན། ཧ་བཱ་ཁུག་གིས་གཉན་འཕྲང་ཆེ་བའི་དུས་སྐབས་དེ་ལྟ་བུའི་ཁྲོད་ནས་སྨོན་ལམ་བཏབ་པ་དང་ལུང་བསྟན་གནང་བ་རེད། དོན་དག་ཚབས་ཆེན་བྱུང་བའི་དོན་རྐྱེན་དེ་རྣམས་ལ་རྒྱལ་སྤྱིའི་མི་རྣམས་ཧ་ལས་པར་གྱུར། སྐབས་དེར་དཀོན་མཆོག་གི་མི་རྣམས་ཀྱིས་ཆོས་ལུགས་ཀྱི་འཆལ་སྤྱོད་སྤེལ་བ་རེད།
ཡི་གེར་འགོད་མཁན་དང་འགོད་དུས།
རང་ཅག་གིས་ཡི་གེར་འགོད་མཁན་གྱི་མིང་ཙམ་ཤེས་པ་དང་། ཁོང་དང་ཡེ་རེམ་ཡཱ་གཉིས་དུས་སྐབས་གཅིག་གི་མི་ཡིན་པ་མ་གཏོགས་ཁོང་གི་སྐོར་ཤེས་ཐུབ་མེད། ཁོང་ནི་དད་པ་ཤུགས་ཆེ་བའི་མི་ཞིག་ཡིན་པ་དང་། དད་པ་དེར་ཡེས་ར་ཨེལ་པའི་ཆོས་ཀྱི་སྲོལ་རྒྱུན་གྱི་རྩ་བ་གཏིང་ཟབ་ཚུགས་ཡོད། སྤྱིར་བཏང་ལུང་བསྟན་གྱི་ལོ་ཚིགས་ནི་ཀར་ཀེ་མི་སི་༼སྤྱི་ལོ་སྔོན་གྱི་605ལོ།༽གྲོང་ཁྱེར་ནས་བྱུང་བའི་དམག་འཁྲུག་གི་སྔ་ཕྱི་གང་རུང་ཞིག་ཡིན།
བརྗོད་སྙིང་དང་གསུང་འཕྲིན།
ཧ་བཱ་ཁུག་ཅེས་པའི་གཞུང་འདིའི་ནང་དུ་དཀོན་མཆོག་དང་ལུང་སྟོན་པ་གཉིས་ཀྱིས་ཕན་ཚུན་ལ་གསུང་མོལ་དང་ཁ་བརྡ་གནང་བའི་རྣམ་པ་ཡི་གེར་བཀོད་ཡོད། འགོ་དཔོན་ཚོས་དབུལ་པོ་རྣམས་ལ་གཉའ་གནོན་བྱེད་བཞིན་པ་ཧ་བཱ་ཁུག་གིས་མཐོང་བས། ཁོང་གི་སེམས་ལ། དཀོན་མཆོག་གིས་མི་ངན་ཚོ་དར་ཁྱབ་ཕྱིན་པ་ལ་ཐུགས་ཡངས་གནང་དོན་ཅི་ཡིན་ནམ་སྙམ། དེ་ནས་དཀོན་མཆོག་གིས་བཀའ་ལན་གནང་བ་དང་། ཧ་བཱ་ཁུག་གིས་དད་པ་གཙང་མའི་སྐོར་གྱི་གཏམ་སྨྲས། ཁོང་གིས་སྨྲས་པའི་གཏམ་དེ་ནི་མི་རྣམས་ཀྱི་ངག་རྒྱུན་ལྟ་བུར་གྱུར་ཡོད། དེ་དང་ཆ་འདྲ་བའི་བརྗོད་པ་ནི་གསུང་མགུར་གྱི་གཞུང་དུའང་བཀོད་ཡོད།
འཆར་ཟིན།
1. ཧ་བཱ་ཁུག་གི་དྲི་བ་དང་པོ་དང་དཀོན་མཆོག་གིས་བཀའ་ལན་གནང་བའི་སྐོར། ༼1:1-11༽
2. ཧ་བཱ་ཁུག་གི་དྲི་བ་གཉིས་པ་དང་དཀོན་མཆོག་གིས་བཀའ་ལན་གནང་བའི་སྐོར། ༼1:12-2:20༽
3. ཧ་བཱ་ཁུག་གི་གསོལ་འདེབས། ༼3:1-19༽
ལེའུ་དང་པོ།
ལུང་སྟོན་པའི་ཐོག་མའི་དྲི་བ།
1 དེ་ཡང་ལུང་སྟོན་པ་ཧ་བཱ་ཁུག་གིས་ཞལ་གཟིགས་ལས་མཐོང་བའི་བཀའ་ལུང་ནི་འདི་ལྟ་སྟེ།
2 ཀྱེ་དཀོན་མཆོག་ཡ་ཝཱེ་ལགས། བདག་གིས་ཞུས་ཀྱང་ཁྱེད་ཀྱིས་མི་གསན་པར་དུས་ཇི་ཙམ་ལ་འདུག་གམ། དོན་གདུག་རྩུབ་ཅན་གྱི་རྐྱེན་གྱིས་ངས་ཁྱེད་ཀྱི་ཕྱོགས་སུ་འོ་དོད་བོས་ནའང་ཁྱེད་ཀྱིས་ད་དུང་སྐྱོབ་པར་མ་མཛད།
3 ཁྱེད་ཀྱིས་ཅིའི་ཕྱིར་ང་ལ་སྡིག་ཉེས་མཐོང་བར་མཛད་དམ། ཁྱེད་ཀྱིས་སྤྱོད་ངན་གཟིགས་ཀྱང་དེར་བཟོད་སྒོམ་བྱེད་པ་ཅི་ཡིན་ནམ། གཏོར་བརླག་དང་གདུག་རྩུབ་ནི་ངའི་མདུན་དུ་ཡོད་པ་དང་། རྩོད་པ་དང་འཐབ་རྩོད་ཀྱང་རྒྱུན་དུ་འབྱུང་ངོ་། །
4 དེ་བས་བཀའ་ཁྲིམས་མི་བརྩི་ཞིང་། དྲང་བདེན་མི་སྲུང་ལ། མི་ངན་པས་དྲང་བདེན་ཅན་གྱི་མཐའ་ནས་བསྐོར་བས་དྲང་བདེན་གོ་ལྡོག་པ་ཡིན།
དཀོན་མཆོག་ཡ་ཝཱེའི་བཀའ་ལན།
5 ཁྱོད་རྣམས་ཀྱིས་མི་རིགས་ཀུན་ལ་ལྟོས་དང་ཤིན་ཏུ་ཧ་ལས་པར་འགྱུར། ཅིའི་ཕྱིར་ཞེ་ན། ཁྱོད་ཀྱི་མི་ཚེའི་ནང་དུ་ངས་དོན་ཞིག་མཛད་པར་འགྱུར་ཞིང་། གཞན་གྱིས་དོན་དེའི་སྐོར་ཁྱོད་རྣམས་ལ་བཤད་ཀྱང་ཁྱོད་རྣམས་དོན་དེ་ལ་ཡིད་མི་ཆེས་སོ། །
6 ངས་ཀལ་དི་པ་རྣམས་དར་བར་བཅུག་ནས། གདུག་རྩུབ་ཆེ་ཞིང་བྲེལ་འཚུབ་ཅན་གྱི་མི་སྡེ་དེ་ས་ཕྱོགས་ཀུན་ལ་ཁྱབ་པར་གྱུར་ཏེ། གཞན་གྱི་ཁྱིམ་གཞིས་བཙན་འཛིན་བྱེད་པ་དང་།
7 དེ་དག་ནི་རྔམ་བརྗིད་ཆེ་ལ་འཇིགས་སུ་རུང་བ་ཡིན་པས་རང་ཉིད་ཚད་མར་འཛིན་པ་དང་། ང་རྒྱལ་ཁེངས་དྲེགས་ཅན་ཡིན་ཞིང་།
8 དེ་ཚོའི་རྟ་ནི་གཟིག་ལས་མགྱོགས་ཤིང་། མཚན་མོའི་སྤྱང་ཀི་ལས་ཀྱང་གཏུམ་དྲག་ཆེ་ལ། དེ་དག་གི་རྟ་དམག་གདོང་མཆོང་བྱེད་ཀྱིན་རྒྱང་རིང་ནས་ཐོན་པ་དང་། དེ་དག་གིས་གླག་བཞིན་ལྡིང་སྐོར་བརྒྱབ་སྟེ་མྱུར་དུ་ཁྱུར་མིད་གཏོང་བའོ། །
9 དེ་དག་གིས་མདུན་ཕྱོགས་སུ་གདོང་གཏད་ནས་མཉམ་དུ་གདུག་རྩུབ་སྤྱོད་པ་དང་། བཙོན་པ་བགྲང་ལས་འདས་པ་ཐོབ་པའོ། །
10 དེ་དག་གིས་རྒྱལ་པོར་ཟུར་ཟ་དང་འགོ་དཔོན་རྣམས་ལ་འཕྱ་དམོད་བྱེད་ཅིང་། བཙན་རྫོང་རྣམས་ལ་ཁྲེལ་དགོད་བྱས་ནས་ས་རགས་བརྩིགས་ཏེ་གནས་དེ་བཙན་འཛིན་བྱེད།
11 དེ་དག་གིས་རང་གི་སྟོབས་ཤུགས་ལྷ་རུ་བཀུར་བ་དང་། རླུང་འཚུབ་བཞིན་གཡུགས་ནས་འགྲོ་ཞིང་སྡིག་ཅན་ཡིན་ནོ། །
ལུང་སྟོན་པའི་དྲི་བ་གཉིས་པ།
12 ཀྱེ་ང་ཡི་དཀོན་མཆོག་ཡ་ཝཱེ་དང་བདག་གི་དམ་པ་ཉིད་ལགས། ཁྱེད་ནི་ཐོག་མ་ཉིད་ནས་བཞུགས་པ་མ་ཡིན་ནམ། ངེད་ཅག་ནི་འཆི་བར་མི་འགྱུར་རོ། །ཀྱེ་དཀོན་མཆོག་ཡ་ཝཱེ་ལགས། ཁྱེད་ཀྱིས་ཁྲིམས་ཆད་གཅོད་དུ་དེ་དག་མངགས་པ་དང་། ཀྱེ་བྲག་རྡོ་ལགས། ཁྱེད་ཀྱིས་ཉེས་ཆད་གཅོད་དུ་དེ་དག་བསྐོས་པ་ཡིན།
13 ཁྱེད་ཀྱི་སྤྱན་ཟུང་ནི་རྣམ་དག་ཡིན་པས་ངན་པར་མི་གཟིགས་ལ། སྤྱོད་ངན་སྣང་མེད་དུ་མི་བསྐྱུར། དེས་ན་གཡོ་སྒྱུའི་སྦྱོར་བ་སྤེལ་བའི་མི་མཐོང་ཚེ་དེར་བཟོད་པ་ཅི་ཡིན་ནམ། མི་ངན་གྱིས་རང་ཉིད་ལས་དྲང་བདེན་ཡིན་པའི་མི་མེད་པར་བཟོ་དུས་ཁྱེད་ཉིད་ཞལ་རོག་བཞུགས་པ་ཅི་ཡིན་ནམ།
14 ཁྱེད་ཀྱིས་མི་ནི་རྒྱ་མཚོའི་ཉ་བཞིན་དང་། བདག་སྐྱོང་བྱེད་མཁན་མེད་པའི་ལྟོ་འགྲོའི་སྲོག་ཆགས་བཞིན་མཛད་པ་ཅི་ཡིན་ནམ།
15 ཀལ་དི་པས་དེ་ཐམས་ཅད་ལྕགས་ཀྱུས་ཡར་དྲངས་ཏེ། དྲ་རྒྱ་ཡིས་དེ་དག་འཛིན་པ་དང་། ཉ་དྲ་ཡིས་དེ་རྣམས་མཉམ་དུ་བསྡུས་ནས་དགའ་སྤྲོ་ཆེན་པོ་སྐྱེས་པས།
16 ཀལ་དི་པས་རང་གི་དྲ་རྒྱར་མཆོད་པ་ཕུལ་ནས་ཉ་རྒྱར་སྤོས་བདུགས་སོ། །ཅིའི་ཕྱིར་ཞེ་ན། དེ་ལ་བརྟེན་ནས་ཁོ་ཚོར་ཁ་ཟས་ཕུན་སུམ་ཚོགས་པ་ཐོབ་སྟེ། བཟའ་བཏུང་མོད་པོ་ཡོད་པ་ཡིན།
17 ཁོ་ཚོས་རང་གི་དྲ་རྒྱ་སྟོང་བར་མཛད་དེ། སྙིང་རྗེ་སྤུ་ཙམ་ཡང་མེད་པར་ཡུལ་ཁམས་གཞན་པའི་མི་སྡེ་རྣམས་གསོད་པ་ཡིན་ནམ།