ལེའུ་ལྔ་པ།
ཡ་ཧུ་དཱ་དང་ཡེས་ར་ཨེལ་གཉིས་ལ་བཀའ་ཆད་འབབ་པའི་སྐོར།
1 ཀྱེ་མཆོད་དཔོན་རྣམས་ཀྱིས་འདི་ལ་ཉོན་ཅིག ཀྱེ་ཡེས་ར་ཨེལ་ཁྱིམ་རྒྱུད་ཀྱིས་གཟབ་གཟབ་བྱས་ནས་ཉོན་ཅིག ཀྱེ་རྒྱལ་རྒྱུད་ཀྱིས་རྣ་བ་བླགས་ནས་ཉོན་ཅིག མཱས་ཟི་ཕཱ་རུ་ཁྱོད་ནི་རྙི་དང་། ཐ་པོར་རི་ལ་ཁྱོད་ནི་ཁ་ཕྱེས་པའི་དྲ་རྒྱ་བཞིན་ཡིན་པས། ཁྱོད་ལ་བཀའ་ཆད་འཕོག་པར་འགྱུར།
2 གྱེན་ལོག་པ་འདི་རྣམས་ཀྱིས་གང་འདོད་ལྟར་དམར་གསོད་བཏང་ཞིང་། ངས་དེ་ཐམས་ཅད་ལ་བཀའ་བཀྱོན་གནང་བར་བྱའོ། །
3 ཨེ་ཕཱར་ཡིམ་ནི་ངས་ཤེས་པ་དང་། ཡེས་ར་ཨེལ་ནི་ང་ལས་བསྐུང་ཐབས་མེད། ཀྱེ་ཨེ་ཕཱར་ཡིམ། ད་ལྟ་ཁྱོད་ལས་ལོག་གཡེམ་བྱུང་ཞིང་། ཡེས་ར་ཨེལ་ནི་སྦགས་པ་ཡིན་ནོ། །
4 དེ་དག་གི་སྤྱོད་པའི་རྐྱེན་གྱིས་ཁོ་རྣམས་རང་གི་དཀོན་མཆོག་གི་དྲུང་དུ་ཕྱིར་ལོག་མི་ཐུབ། གང་ལ་ཞེ་ན། དེ་དག་གི་ནང་དུ་ལོག་གཡེམ་གྱི་སེམས་ཡོད་པས་དཀོན་མཆོག་ཡ་ཝཱེ་ངོ་མི་ཤེས་སོ། །
5 ཡེས་ར་ཨེལ་གྱི་ང་རྒྱལ་གྱིས་རང་གི་སྤྱོད་ངན་ལ་བདེན་དཔང་བྱས་པ་དང་། ཡེས་ར་ཨེལ་དང་ཨེ་ཕཱར་ཡིམ་གཉིས་རང་རང་གི་སྡིག་པས་འགྱེལ་ཞིང་། ཡ་ཧུ་དཱའང་དེ་དག་དང་མཉམ་དུ་འགྱེལ་ངེས་ཡིན།
6 དཀོན་མཆོག་ཡ་ཝཱེ་ནི་དེ་དག་དང་ཁ་བྲལ་བས་ན། དེ་དག་གིས་ར་ལུག་དང་བ་གླང་གི་ཁྱུ་དེད་ནས་ཁོང་བཙལ་ནའང་རྙེད་པར་མི་འགྱུར་རོ། །
7 དེ་དག་དཀོན་མཆོག་ཡ་ཝཱེར་བློ་ལོག་ནས་བྱི་ཕྲུག་བཙས་པས། ཚེས་གཅིག་ཉིན་མོར་དེ་དག་དང་དེ་དག་གི་ས་སྐལ་གཉིས་ལྷན་ཅིག་ཏུ་ཚར་གཅོད་པར་འགྱུར་རོ། །
8 ཁྱོད་ཚོས་གིབ་ཨ་རུ་རྭ་དུང་དང་རཱ་མ་རུ་དུང་བུས་ཤིག པེད་ཨ་ཝེན་དུ་ཉེན་བརྡ་ཐོངས་ཤིག ཀྱེ་པེན་ཡཱ་མེན་ཁྱོད་ཀྱིས་རང་གི་རྒྱབ་ལ་དོགས་ཟོན་གྱིས་ཤིག
9 ཉེས་ཆད་གཅོད་པའི་ཉིན་མོར་ཨེ་ཕཱར་ཡིམ་ནི་ཞིག་རོར་འགྱུར་ཏེ། ཡེས་ར་ཨེལ་གྱི་ཚོ་པ་ཁག་གི་ནང་དུ་ངས་མ་འོངས་འབྱུང་འགྱུར་གྱི་དོན་རྣམས་མངོན་པར་བྱས།
10 ཡ་ཧུ་དཱའི་འགོ་དཔོན་རྣམས་ནི་ས་མཚམས་ཀྱི་རྟགས་སྤོ་མཁན་རྣམས་དང་འདྲ་བས། ངས་རང་གི་ཁོང་ཁྲོ་ནི་ཆུ་ལོག་བཞིན་དུ་དེ་དག་གི་སྟེང་ལ་བླུག་པར་བྱའོ། །
11 ཨེ་ཕཱར་ཡིམ་ནི་སྙིང་པོ་མེད་པའི་རྗེས་སུ་འབྲང་བར་དགའ་བས། གཉའ་གནོན་ཐེབས་ཤིང་བཀའ་ཆད་ཀྱིས་བརྫིས་པའོ། །
12 ང་ནི་ཨེ་ཕཱར་ཡིམ་ལ་མུག་པ་དང་། ཡ་ཧུ་དཱའི་ཁྱིམ་རྒྱུད་ལ་ཉམས་རུལ་ལྟ་བུ་ཡིན།
13 ཨེ་ཕཱར་ཡིམ་གྱིས་རང་གི་ནད་དང་ཡ་ཧུ་དཱ་ཡིས་རང་གི་རྨ་ཁ་མཐོང་བ་ན། ཨེ་ཕཱར་ཡིམ་ནི་ཨ་སུར་ལ་ཕྱིན་ཏེ་རྒྱལ་པོ་ཡ་རབ་པི་ཡི་མདུན་དུ་མི་མངགས་ཀྱང་། དེས་ཁྱོད་གསོ་བར་མི་ནུས་ལ། རྨ་ཡང་དྲག་ཏུ་འཇུག་མི་ཐུབ་བོ། །
14 ང་ནི་ཨེ་ཕཱར་ཡིམ་ལ་སེང་གེ་ལྟ་བུ་དང་། ཡ་ཧུ་དཱའི་ཁྱིམ་རྒྱུད་ལ་སེང་གེ་དར་མ་ལྟ་བུར་འགྱུར་ཞིང་། ངས་སིལ་བུར་ཧྲལ་ནས་འགྲོ་བ་དང་། ངས་ཁྱེར་ནས་འགྲོ་ཞིང་སྐྱོབ་མཁན་སུ་ཡང་མེད།
15 དེ་དག་གིས་རང་ལ་ཉེས་སྐྱོན་ཡོད་པ་ཚོར་ནས་ངའི་ངོ་གདོང་བཙལ་བའི་བར་དུ། ང་ཕྱིར་རང་གི་གནས་སུ་ལོག་པར་བྱ་སྟེ། དཀའ་སྡུག་གི་ཁྲོད་དུ་ཁོ་ཚོས་ང་རང་འབད་པས་བཙལ་ངེས་ཡིན།