ལེའུ་དྲུག་པ།
ཡེ་ཤ་ཡཱས་མཐོང་བའི་ཞལ་གཟིགས།
རྒྱལ་པོ་ཨུ་ཟི་ཡཱ་སྐུ་གཤེགས་པའི་ལོ་དེར། གཙོ་བོ་ཁོང་ཉིད་ཁྲི་མཐོན་པོའི་སྟེང་གོང་དུ་བཀུར་ནས་བཞུགས་འདུག་ལ། ཁོང་གི་ན་བཟའི་སྣེ་མོ་ཡིས་མཆོད་ཁང་ཡོངས་སུ་ཁེབས་ཡོད་པ་ངས་མཐོང་བྱུང་། ཁོང་གི་གོང་དུ་སཱ་རཱབ་*རྣམས་ཡོད་ལ་དེ་དག་རེ་རེར་གཤོག་པ་དྲུག་རེ་ཡོད་ཅིང་། གཤོག་པ་གཉིས་ཀྱིས་ཁོང་གི་ཞལ་རས་བཀབ་པ་དང་། གཤོག་པ་གཉིས་ཀྱིས་ཞབས་བཀབ་ལ། གཤོག་པ་གཉིས་ཀྱིས་འཕུར་སྐྱོད་བྱེད་པའོ། ། དེ་དག་གིས་སྐད་ཆེན་པོས་ཕན་ཚུན་ལ། དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེ་ནི་དམ་པ། དམ་པ། དམ་པ་ཡིན། ཁོང་གི་གཟི་བརྗིད་ས་གཞི་ཡོངས་ལ་ཁྱབ་བོ་ཞེས་བསྒྲགས་པ་དང་། ཀི་སྒྲ་སྒྲོག་མཁན་གྱི་སྒྲ་དེས་སྒོ་ཐེམ་གྱི་རྩིག་རྨིང་འདར་དུ་བཅུག་ཅིང་མཆོད་ཁང་ལའང་དུ་བས་ཁྱབ། དེའི་དུས་སུ་ངས་ང་ལ་ཆག་སྒོ་འབྱུང་ངོ་། །ང་ནི་མེད་པར་གྱུར་ཏོ། །ཅི་ལ་ཞེ་ན། ངའི་ཁ་མི་གཙང་བ་དང་། ང་ནི་ཁ་མི་གཙང་བའི་མི་རྣམས་ཀྱི་དཀྱིལ་དུ་ཡོད་ལ། དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེ་སྟེ། རྒྱལ་པོ་ཆེན་པོ་ཁོང་ཉིད་ནི་ངའི་མིག་གིས་མཐོང་བྱུང་ངོ་ཞེས་སྨྲས་པ་ཡིན།
དེ་ནས་སཱ་རཱབ་རྣམས་ལས་གཅིག་གིས་མཆོད་ཁྲི་ནས་སྐམ་པས་བླངས་པའི་མེ་རྡོག་ཅིག་ལག་ལ་བཟུང་སྟེ་ངའི་ཕྱོགས་སུ་འཕུར་འོངས་ནས། ཁོང་གིས་དེ་ངའི་ཁ་ལ་རེག་ནས་འདི་སྐད་དུ། ལྟོས་དང་། སོལ་བ་འདི་ཁྱོད་ཀྱི་ཁ་ལ་རེག་པས་ཁྱོད་ཀྱི་ཉེས་པ་དག་ཅིང་སྡིག་པ་བསལ་བའོ་ཞེས་གསུངས་སོ། །
ཡེ་ཤ་ཡཱའི་ལས་འགན།
ཡང་ངས་གཙོ་བོས་འདི་སྐད་དུ། བདག་གིས་སུ་ཞིག་མངག་དགོས་སམ། རང་ཅག་གི་ཆེད་དུ་སུ་འགྲོའམ་ཞེས་གསུངས་པ་ཐོས་ནས། ངས་ང་རང་འདི་རུ་ཡོད། ང་རང་མངག་པར་ཞུ་ཞེས་ཞུས་པ་ཡིན། དེ་ནས་ཁོང་གིས་འདི་སྐད་དུ། ཁྱོད་སོང་ནས་མི་འདི་དག་ལ་འདི་ལྟར། ཁྱོད་ཚོས་ཡང་ཡང་མཉན་ཀྱང་ཧ་མི་གོ་ལ། ཡང་ཡང་བལྟས་ཀྱང་དོན་མི་རྟོགས་ཞེས་ཤོད་ཅིག 10 ཁྱོད་ཀྱིས་མི་འདི་དག་གི་སེམས་ཀྱིས་མི་ཚོར་ཞིང་རྣ་ཡིས་མི་གོ་བ་དང་། མིག་གིས་མི་མཐོང་བར་གྱིས་ཤིག དེ་ལྟར་མིན་ན། དེ་དག་གི་མིག་གིས་མཐོང་ཞིང་རྣ་ཡིས་ཐོས་པ་དང་། སེམས་ཀྱིས་རྟོགས་ནས་ཕྱིར་འཁོར་ཡོང་དུས་དྲག་པར་འགྱུར་རོ་ཞེས་གསུངས་སོ། །
11 དེ་ནས་ངས་གཙོ་བོ་ལགས། དུས་ཅི་ཙམ་དགོས་སམ་ཞེས་ཞུས་པ་ན། ཁོང་གིས་ལན་དུ། གྲོང་ཁྱེར་རྣམས་ཞིག་རོར་གྱུར་ནས་སྡོད་མཁན་གཅིག་ཀྱང་མེད་པ་དང་། ཁང་པ་རྣམས་སྟོང་བར་ལུས་ནས་ས་ཞིང་རྣམས་ཐང་རྒོད་དུ་འགྱུར་བའི་བར་དང་། 12 དཀོན་མཆོག་ཡ་ཝཱེས་མི་རྣམས་རྒྱང་རིང་དུ་སྤྱུགས་ནས་ཡུལ་འདིའི་ས་ཆ་མང་པོ་བདག་མེད་དུ་མ་གྱུར་པའི་བར་དུའོ། ། 13 ཡུལ་འདིར་ཤུལ་དུ་ལུས་པ་ཡིས་བཅུ་ཆའི་གཅིག་ཙམ་ལས་མི་ཟིན་ཡང་དེའང་རྩ་མེད་གཏོང་བར་འགྱུར། འོན་ཀྱང་ཐང་ཤིང་ཚི་བ་ཅན་དང་བེ་ཤིང་བཅད་ཤུལ་ནས་ལུས་པའི་སྡོང་པོ་ལྟར། དེའི་ཤུལ་ལུས་སྡོང་པོ་དེ་ནི་དམ་པའི་ས་བོན་ལ་འགྱུར་རོ་ཞེས་གསུངས་སོ། །
* ལེའུ་དྲུག་པ།:2 འདིར་སཱ་རཱབ་ཅེས་པ་ནི་མེ་འབར་བ་ཞེས་པའི་དོན་ལ་འཇུག་ཅིང་མེ་ཡི་ཕོ་ཉའི་རིགས་ལ་གོ་བ་ཡིན།