ལེའུ་ཉེར་གཉིས་པ།
ཨེ་ལི་ཕཱ་སི་ཡི་ཁ་བརྡ་གསུམ་པ།
1 དེ་མན་པ་ཨེ་ལི་ཕཱ་སི་ཡིས་ལན་བཏབ་ནས་སྨྲས་པ།
2 མཁས་པས་རང་ལ་ཕན་འདོགས་ཇི་བཞིན་དུ། ། མི་ཡིས་དཀོན་མཆོག་ལ་ནི་ཕན་ཐོགས་སམ། །
3 ཁྱེད་ནི་དྲང་བདེན་ཅན་ཞིག་ཡིན་ན་ཡང་། ། ཀུན་དབང་ཁོང་ཉིད་དགྱེས་པར་བྱེད་ནུས་སམ། ། ཁྱེད་ཀྱི་བྱ་སྤྱོད་སྐྱོན་དང་བྲལ་ན་ཡང་། ། ཀུན་དབང་ཁོང་ལ་ཕན་ཐོགས་ཅི་ཞིག་ལྡན། །
4 ཁྱེད་རང་ཁོང་ལ་གུས་ཤིང་འཇིགས་པས་ན། ། ཁྱེད་ལ་བཀྱོན་ཞིང་ཁྲིམས་ཐག་གཅོད་འགྱུར་རམ། །
5 ཁྱེད་ཀྱི་སྡིག་ཉེས་ཆེན་པོ་མ་ཡིན་ནམ། ། ཁྱེད་ཀྱི་ཉེས་པ་རྫོགས་མཐའ་མེད་པ་ཡིན། །
6 ཁྱེད་ཀྱིས་དོན་མེད་སྤུན་ལས་གཏའ་མ་བླངས། ། ཁྱེད་ཀྱིས་དབུལ་པོའི་གྱོན་གོས་བཤུས་པས་ཡིན། །
7 ངལ་དུབ་པ་ལ་ཁྱེད་ཀྱིས་ཆུ་མ་བྱིན། ། བཀྲེས་ལྟོགས་ཅན་ལ་ཁྱེད་ཀྱིས་ཟས་མ་སྤྲད། །
8 སྟོབས་ལྡན་མི་ཡིས་ས་གཞིར་དབང་བསྒྱུར་བྱེད། ། གུས་པར་འོས་པའི་མི་ནི་དེ་ནང་གནས། །
9 ཁྱེད་ཀྱིས་ཡུགས་མོ་ལག་སྟོང་འགྲོ་རུ་བཅུག ། དྭ་ཕྲུག་རྣམས་ཀྱི་དཔུང་ངར་བཅག་པ་ཡིན། །
10 དེའི་ཕྱིར་དྲ་རྒྱས་ཁྱེད་རང་མཐའ་ནས་བསྐོར། ། གློ་བུར་འཇིགས་སྐྲག་གིས་ནི་ཁྱེད་རང་མནར། །
11 ཡང་ན་མུན་པས་ཁྱེད་ལ་མཐོང་མ་བཅུག ། ཆུ་ལོག་གིས་ནི་ཁྱེད་རང་བསྣུབས་ནས་འཁྱེར། །
12 དཀོན་མཆོག་ནམ་མཁའི་མཐོ་སར་མི་བཞུགས་སམ། ། སྐར་མ་རྣམས་ནི་ཇི་ལྟར་མཐོ་བར་ལྟོས། །
13 འོན་ཀྱང་ཁྱེད་ཀྱིས་འདི་ལྟར་བརྗོད་པ་སྟེ། ། དཀོན་མཆོག་ཁོང་གིས་ཅི་ཞིག་མཁྱེན་པ་ཡིན། ། སྨག་རུམ་གསེབ་ནས་ཁྲིམས་ཐག་གཅོད་ནུས་སམ། །
14 སྤྲིན་པ་སྟུག་པོས་ཁོང་ཉིད་གཡོགས་པས་ན། ། ཁོང་གིས་ཅི་ཡང་གཟིགས་པར་མི་འགྱུར་ཏེ། ། ནམ་མཁའི་དཀྱིལ་འཁོར་སྟེང་ཁོང་འཁོར་འདུག་ཟེར། །
15 སྡིག་སྤྱོད་མི་རྣམས་རྒྱུ་བར་བྱས་པ་ཡི། ། གནའ་བོའི་ལམ་ལ་ཁྱེད་རང་རྒྱུ་འདོད་དམ། །
16 དེ་དག་དུས་ལ་མ་བབས་བཟུང་ཁྱེར་ཏེ། ། ཁོ་ཚོའི་རྩ་བ་གཙང་པོས་ཁུར་བར་གྱུར། །
17 དེ་ཚོས་དཀོན་མཆོག་ཉིད་ལ་འདི་ལྟར་སྨྲས། ། ངེད་ཅག་རྣམས་ལས་གྱེས་ཏེ་ཕེབས་ཤིག་དང་། ། ཀུན་དབང་ཁོང་གིས་ངེད་ལ་ཅི་བྱེད་ནུས། །
18 ཁོང་གིས་དེ་དག་ཁྱིམ་ལ་ནོར་གྱིས་བཀང་། ། སྡིག་སྤྱོད་གྲོས་ངན་བདག་ལས་ཤིན་ཏུ་རིང་། །
19 དྲང་པོས་ཁོ་ཚོའི་མཇུག་འབྲས་མཐོང་ནས་དགའ། ། ཉེས་མེད་དེ་ལ་དགོད་ཅིང་འདི་ལྟར་སྨྲ། །
20 ང་ཚོའི་དགྲ་བོ་དངོས་གནས་ཚར་བཅད་དེ། ། རྒྱུ་ནོར་རྣམས་ཀྱང་མེ་ཡིས་བསྲེགས་གྱུར་ཟེར། །
21 ཁྱེད་ནི་དཀོན་མཆོག་ཁོང་དང་མཐུན་པར་གྱིས། ། དེ་ནས་ཁྱེད་ལ་བདེ་བ་འཐོབ་པར་འགྱུར། །
22 ཁྱེད་ཀྱིས་ཁོང་གི་ཞལ་གདམས་བླངས་ནས་ནི། ། ཁོང་གི་བཀའ་མཆིད་སེམས་སུ་འཛིན་པར་གྱིས། །
23 ཁྱེད་རང་ཀུན་དབང་ཕྱོགས་སུ་འཁོར་ནས་ནི། ། རང་གི་གུར་ལས་ངན་པ་རིང་དོར་ན། ། ཁྱེད་ནི་སླར་ཡང་བརྟན་པོར་འགོད་པར་འགྱུར། །
24 ཁྱེད་ཀྱི་ནོར་རྣམས་ས་རྡུལ་ནང་དུ་ཕོངས། ། ཨོ་ཕིར་གསེར་རྣམས་གྲོག་རོང་རྡོ་ལ་སྐྱུར། །
25 ཀུན་དབང་ཁོང་ཉིད་ཁྱེད་ཀྱི་ནོར་དུ་འགྱུར། ། ཁོང་ཉིད་ཁྱེད་ཀྱི་རིན་ཆེན་དངུལ་དུ་འགྱུར། །
26 དུས་དེར་ཀུན་དབང་ཁྱེད་ཀྱི་དགའ་སྤྲོ་སྟེ། ། དཀོན་མཆོག་ཕྱོགས་སུ་མགོ་བོ་འདེགས་པར་བྱེད། །
27 ཁྱེད་ཀྱིས་ཁོང་ལ་སྨོན་ལམ་འདེབས་པ་དང་། ། ཁོང་གིས་ཁྱེད་ཀྱི་སྨོན་ལམ་གསན་འགྱུར་ཞིང་། ། ཁྱེད་ཀྱིས་རང་གི་དམ་བཅའ་ཡང་ནི་བསྒྲུབ། །
28 ཁྱེད་ཀྱི་བསམ་དོན་ལྷུན་གྱིས་འགྲུབ་པ་དང་། ། ཁྱེད་ཀྱི་ལམ་དུ་འོད་ཟེར་འཕྲོ་བར་འགྱུར། །
29 མི་ཡིས་ཁྱེད་རང་དམའ་སར་ཕབ་གྱུར་ན། ། ཁྱེད་ཀྱིས་ང་རང་རྒྱལ་བར་འགྱུར་ཟེར་ཏེ། ། ཁེངས་སྐྱུང་ཅན་རྣམས་དཀོན་མཆོག་ཉིད་ཀྱིས་སྐྱོབ། །
30 དཀོན་མཆོག་གིས་ནི་ཉེས་ཅན་སྐྱོབ་པས་ན། ། ཁྱེད་ལག་གཙང་བས་ཁོང་གིས་སྐྱོབ་ངེས་སོ། །