ལེའུ་ཉེར་བདུན་པ།
ཨེས་ཡོབ་ཀྱིས་མུ་མཐུད་དུ་པེལ་དེལ་ལ་ལན་གསུངས་པ།
1 ཨེས་ཡོབ་ཀྱིས་མུ་མཐུད་དུ་རང་གི་གཏམ་སྨྲས་ཏེ་ན་རེ།
2 བདག་གིས་རང་ལས་དྲང་བདེན་ཕྲོགས་པ་ཡི། ། ངའི་སེམས་སྡུག་པར་མཛད་པའི་ཀུན་དབང་ཉིད། ། གཏན་དུ་བཞུགས་པའི་དཀོན་མཆོག་ཁོང་ཉིད་ནི། ། དཔང་དུ་བཙུགས་ཏེ་འདི་ལྟར་སྨྲས་པ་སྟེ། །
3 བདག་ནང་ཚེ་སྲོག་ལྡན་པ་དང་། ། དཀོན་མཆོག་ཁོང་གིས་གནང་བའི་དབུགས། ། སྣ་ཁུང་ནང་དུ་ཡོད་པའི་ཚེ། །
4 བདག་གི་མཆུ་ཡིས་ཚིག་ངན་སྨྲ་མི་བྱ། ། བདག་གི་ལྕེ་ཡིས་རྫུན་གཏམ་གླེང་མི་བྱ། །
5 བདག་གིས་ནམ་ཡང་ཁྱོད་ཚོ་བདེན་མི་ཟེར། ། ཤི་ཡང་རང་གི་ལྷད་མེད་འདོར་མི་འགྱུར། །
6 བདག་གིས་དྲང་བདེན་འཛིན་ཞིང་མི་སྤོང་སྟེ། ། གསོན་དུས་རང་གི་སེམས་ཀྱིས་སྐྱོན་མི་འཛུགས། །
7 བདག་གི་དགྲ་ནི་མི་ངན་བཞིན་གྱུར་ཅིག ། བདག་ལ་རྒོལ་མཁན་སྡིག་སྤྱོད་བཞིན་གྱུར་ཅིག །
8 དད་མེད་ཅན་ལ་རེ་བ་ཅི་ཡོད་དམ། ། དཀོན་མཆོག་ཉིད་ཀྱིས་ཁོ་རང་ཚར་གཅོད་ཅིང་། ། ད་དུང་དེ་ཡི་སྲོག་ཀྱང་ལེན་པར་ངེས། །
9 དེ་ལ་སྡུག་བསྔལ་འབྱུང་བའི་དུས་སུ་ཡང་། ། དཀོན་མཆོག་ཉིད་ཀྱིས་འོ་དོད་ག་ལ་གསན། །
10 དེ་ཡིས་ཀུན་དབང་དགའ་སྤྲོར་བརྩིས་ནས་ནི། ། ནམ་རྒྱུན་དཀོན་མཆོག་ཁོང་ལ་ཞུ་མི་འགྱུར། །
11 དཀོན་མཆོག་ཕྱག་གིས་མཛད་པ་དེ། ། བདག་གིས་ཁྱོད་ཚོར་སྟོན་པར་བྱ། ། ཀུན་དབང་ཁོང་གི་མཛད་རྗེས་ཀྱང་། ། བདག་གིས་ཁྱོད་ཚོར་གསང་མི་འགྱུར། །
12 ཁྱོད་ཚོས་འདི་ཀུན་མཐོང་མོད་ཀྱང་། ། ཅིའི་ཕྱིར་ཐམས་ཅད་དོན་མེད་གྱུར། །
13 འདི་ནི་དཀོན་མཆོག་ཁོང་ཉིད་ཀྱིས། ། མི་ངན་རྣམས་ལ་གནང་བའི་སྐལ། ། གདུག་རྩུབ་ཅན་ལ་ཀུན་དབང་ནས། ། ཐོབ་པའི་ནོར་སྐལ་འདི་ཡིན་ལགས། །
14 དེ་ཚོའི་བུ་ཕྲུག་འཕེལ་ཡང་རལ་གྲིའི་དོན་དུ་ཡིན། ། དེ་ཡི་བུ་རྒྱུད་ཟས་ཀྱིས་འགྲང་བར་མི་འགྱུར་རོ། །
15 དེ་ལས་ལུས་པ་ཤི་ནས་བསྐུང་བར་འགྱུར། ། དེ་ཡི་ཡུགས་མོ་རྣམས་ནི་ངུ་མི་འགྱུར། །
16 དེ་ཡིས་བྱེ་མ་བཞིན་དུ་དངུལ་བསགས་ནས། ། འདམ་བག་ལྟར་དུ་གོས་རྣམས་སྤུངས་ན་ཡང་། །
17 དེ་ཡིས་སྤུངས་པ་དྲང་བདེན་ཅན་གྱིས་གྱོན། ། ཉེས་མེད་རྣམས་ཀྱིས་དངུལ་དེ་བགོ་བར་བྱ། །
18 དེ་ཡིས་ཁང་པ་བརྩིགས་པ་ནི། ། མུག་པས་ཁུང་བུ་རྐོ་བ་དང་། ། ཡང་ན་སོ་པས་གུར་ཕུབ་འདྲ། །
19 དེ་ནི་ཉལ་དུས་ཕྱུག་ཀྱང་བདག་པོ་རྒྱག་རྒྱུ་མེད། ། དེ་ཡིས་མིག་ཟུང་འབྱེད་དུས་རྒྱུ་ནོར་མེད་པར་གྱུར། །
20 འཇིགས་སྐྲག་ཆུ་ལོག་བཞིན་དུ་ཁོའི་རྗེས་འདེད། ། མཚན་མོའི་དྲག་རླུང་གིས་ནི་ཁོ་རང་འཁུར། །
21 ཤར་རླུང་གིས་ནི་ཁོ་རང་ཁྱེར་ནས་འགྲོ། ། དེས་ཁོ་རང་གི་གནས་དང་འབྲལ་དུ་འཇུག །
22 དཀོན་མཆོག་ཁོང་གིས་ཕངས་མེད་ཁོ་ལ་བརྒྱབ། ། ཁོང་གི་ཕྱག་ལས་ཐར་བར་རབ་ཏུ་འཚབ། །
23 དཀོན་མཆོག་ཉིད་ཀྱིས་ཁོ་ལ་ཕྱག་གིས་རྡེག ། ད་དུང་ཐུགས་ཁྲོའི་ང་རོ་བསྒྲགས་ནས་ནི། ། དེ་ནི་རང་གི་གནས་ལས་སྐྲོད་འགྱུར་རོ། །