ལེའུ་དྲུག་པ།
ཨེས་ཡོབ་ཀྱིས་ཨེ་ལི་ཕཱ་སི་ལ་ལན་གསུངས་པ།
1 དེ་ནས་ཨེས་ཡོབ་ཀྱིས་བཀའ་ལན་འདི་ལྟར་གསུངས་པ།
2 ང་ཡི་སྡུག་བསྔལ་ཚད་ན་ཅི་མ་རུང་། ། གནོད་འཚེ་ལྷན་ཅིག་སྲང་ནང་བཅལ་ན་ལེགས། །
3 ད་ལྟ་རྒྱ་མཚོའི་བྱེ་མ་ལས་ཀྱང་ལྕི། ། དེའི་ཕྱིར་འཚབ་འཚུབ་ངང་ནས་བདག་གིས་བརྗོད། །
4 ཀུན་དབང་ཁོང་གི་མདའ་ངའི་ལུས་སྟེང་ཕོག ། ང་ཡི་སེམས་ཀྱིས་དུག་དེ་ཡོངས་སུ་འཐུང་། ། དཀོན་མཆོག་ཉིད་ཀྱི་འཇིགས་པས་ང་གཡུལ་བཤམས། །
5 རྩྭ་ཁ་བཟང་དུས་རྐྱང་གིས་ཅི་ལ་འབོད། ། གཟན་ཆས་ཡོད་དུས་གླང་གིས་ཅིའི་ཕྱིར་འབོད། །
6 བྲོ་མེད་ཚྭ་མེད་བཟའ་བཏུང་ཅི་ལྟར་སྤྱོད། ། སྒོ་ངའི་དཀར་སྤྲིར་བྲོ་བ་ཅི་ལྟར་ལྡན། །
7 ལོངས་སུ་སྤྱོད་འདོད་མེད་པའི་བཟའ་བཏུང་དག ། ང་ཡི་ཡིད་སེམས་ཀྱིས་ནི་རེག་མི་འདོད། །
8 བདག་གི་གསོལ་བ་བསྐང་ཞིང་དཀོན་མཆོག་གིས། ། བདག་གིས་འདུན་པ་གནང་ན་ཅི་མ་རུང་། །
9 ང་རང་ཚར་གཅོད་བྱེད་དུ་ཐུགས་དགྱེས་ཤིང་། ། ཕྱག་ཟུང་བརྐྱངས་ནས་ངའི་སྲོག་གཅོད་པར་ཤོག །
10 དམ་པ་གཅིག་པོའི་བཀའ་གསུང་མ་བཟློག་པས། ། དེ་ལས་ང་ལ་ད་དུང་སེམས་གསོ་ལྡན། ། སྡུག་བསྔལ་རྫོགས་མཐའ་བྲལ་ཡང་དགའ་བས་མྱང་། །
11 རེ་སྒུག་བྱེད་པར་བདག་ལ་སྟོབས་ཅི་ཡོད། ། མཇུག་འབྲས་གང་ཕྱིར་བདག་གིས་བཟོད་སེམས་སྒོམ། །
12 ང་ཡི་སྟོབས་ཤུགས་རྡོ་ལྟར་མ་ཡིན་ལ། ། བདག་གི་ལུས་ཀྱང་ལི་ཡིས་མ་གྲུབ་སྟེ། །
13 བདག་གི་ནང་དུ་རོགས་རམ་མེད་པ་དང་། ། ཤེས་རབ་སེམས་ནས་དོར་བ་མ་ཡིན་ནམ། །
14 ཡིད་སེམས་ཕམ་པར་མཛའ་བོས་སྙིང་རྗེ་དགོས། ། རྒྱུ་མཚན་དེ་ཡིས་ཀུན་དབང་ཁོང་ཉིད་ལ། ། གུས་ཤིང་འཇིགས་པའི་སེམས་པ་དོར་བས་ཡིན། །
15 གཙང་པོ་རྒྱུ་བའི་གྲོག་རོང་སྐམ་པོ་བཞིན། ། ང་ཡི་སྤུན་མཆེད་རྣམས་ལ་གཡོ་སྒྱུ་ལྡན། །
16 འཁྱགས་རོམ་བཞུ་བས་ཆུ་རྒྱུན་མི་གཙང་ཞིང་། ། དེ་ཡི་ནང་དུ་ཁ་བ་སྦས་ནས་ཡོད། །
17 དྲོད་འབེབས་དུས་སུ་དེ་དག་བཞུ་འགྲོ་ཞིང་། ། ཚ་བའི་དུས་སུ་དེ་དག་རང་སར་སྐམ། །
18 ཚོང་པས་ཆུ་རྒྱུན་དེད་ནས་ལམ་གཟུར་ཅིང་། ། དབེན་སྟོང་གནས་སུ་དེ་རྣམས་ཚེ་ལས་འདས། །
19 ཐེ་མཱའི་ཚོང་པས་ཆུ་བོར་རེ་ལྟོས་བཅངས། ། ཤེ་བཱའི་ལམ་པས་ཆུ་རྒྱུན་བསྒུགས་ནས་ཡོད། །
20 ཁོང་ཚོའི་རེ་བ་སྟོངས་པས་ངོ་གནོང་ཞིང་། ། དེ་རུ་ཕྱིན་ནས་དེ་ཚོ་ཡིད་སེམས་ཕམ། །
21 ད་ལྟ་ཁྱོད་རྣམས་དེ་དང་དེ་བཞིན་ཡིན། ། འཇིགས་རུང་དོན་རྣམས་མཐོང་སྟེ་སྐྲག་སྣང་སྐྱེས། །
22 བདག་ལ་སྦྱིན་ཞིག་ཡང་ན་ཁྱོད་ཅག་གི ། ནོར་ལས་ལེགས་སྐྱེས་ཐོངས་ཞེས་ཞུས་མྱོང་ངམ། །
23 ཡང་ན་དགྲ་ཡི་ལག་ནས་བདག་སྐྱོབ་རོགས། ། གདུག་རྩུབ་ཅན་ལས་སྒྲོལ་བར་མཛོད་ཞུས་སམ། །
24 ཁྱོད་ཀྱིས་བདག་ལ་སློབས་ཤིག་ངས་མི་སྨྲ། ། ང་རང་གང་ནས་འཕྱུགས་པ་ཤེས་སུ་གསོལ། །
25 དྲང་བའི་ཚིག་ནི་ཅི་འདྲའི་སྟོབས་ལྡན་ཨང་། ། ཡིན་ཡང་ཁྱོད་ཚོས་ཅིའི་ཕྱིར་བཀའ་བཀྱོན་གནང་། །
26 ཡིད་སེམས་ཕམ་པའི་གཏམ་གླེང་རླུང་དང་མཚུངས། ། ཁྱོད་ཚོས་ད་དུང་དགག་ལན་སྤྲོད་དམ་ཅི། །
27 ཁྱོད་ཚོས་དྭ་ཕྲུག་ཆེད་དུ་རྒྱན་འཕེན་ཞིང་། ། རང་གི་མཆེད་གྲོགས་འཚོང་བའི་ཚོང་ཟོག་བྱེད། །
28 ད་ལྟ་ཁྱོད་ཅག་གིས་ནི་ང་གཟིགས་དང་། ། ང་ཡིས་ཁྱོད་ཚོའི་མདུན་དུ་རྫུན་མི་སྨྲ། །
29 ཁྱོད་རྣམས་བསམ་བློ་བསྒྱུར་བར་མཛོད། ། དྲང་བདེན་མིན་པ་ཀུན་ནས་སྤོངས། ། ཡང་ནས་ཡང་དུ་བསམ་བློ་བསྒྱུར། ། ང་ཡི་དོན་ལ་གནས་ལུགས་ཡོད། །
30 ང་ཡི་ལྕེ་ཐོག་དྲང་བདེན་མེད་དམ་ཅི། ། ང་ཡི་སེམས་པས་ཉམ་ཉེས་མི་ཤེས་སམ། །