༄༅། །ཁྲིམས་དཔོན་གྱི་མདོ།
ཁྲིམས་དཔོན་གྱི་མདོ་ཞེས་བྱ་བའི་ངོ་སྤྲོད་མདོར་བསྡུས།
ཁ་བྱང་དང་ལོ་རྒྱུས་རྒྱབ་ལྗོངས།
ཁྲིམས་དཔོན་ཞེས་པའི་ཁ་བྱང་འདི་ནི་ཡེས་ར་ཨེལ་པའི་ཁྲིམས་དཔོན་རྣམས་ཀྱིས་སྲིད་བསྐྱངས་པའི་སྐབས་སུ་བཏགས་པ་ཡིན། ཡོ་ཤུ་ཨ་སྐུ་གྲོངས་པའི་རྗེས་སུ་ཁྲིམས་དཔོན་དེ་དག་གིས་ཡེས་ར་ཨེལ་གྱི་རྒྱལ་རྒྱུད་རིང་ལུགས་མ་བྱུང་བར་དུ་ཡེས་ར་ཨེལ་པ་རྣམས་ལ་སྲིད་བསྐྱངས་པ་རེད། ཡེས་ར་ཨེལ་པ་རྣམས་ལ་ཁྲིམས་དཔོན་ཡོད་པའི་རྒྱུ་མཚན་ལེའུ་གཉིས་པའི་ཚིག་རྐང་བཅུ་དྲུག་པར་བཀོད་ཡོད་དེ། དཀོན་མཆོག་ཡ་ཝཱེས་ཁོ་ཚོའི་དོན་དུ་ཁྲིམས་དཔོན་བསྐོས་ཤིང་། ཁྲིམས་དཔོན་གྱིས་ཁོ་རྣམས་འཕྲོག་བཅོམ་བྱེད་མཁན་གྱི་ལག་ནས་ཐར་བར་བྱས་ཞེས་གསུངས་ཡོད། གཞུང་འདིའི་ནང་དུ་ཡོ་ཤུ་ཨ་སྐུ་གཤེགས་པ་དང་སཱ་མུ་ཨེལ་གྱིས་སྲིད་བསྐྱངས་པའི་དུས་དེའི་བར་གྱི་ཡེས་ར་ཨེལ་པའི་ལོ་རྒྱུས་བཀོད་ཡོད།
ཡི་གེར་འགོད་མཁན་དང་འགོད་དུས།
ཡེས་ར་ཨེལ་གྱི་རིག་གཞུང་ལྟར་ན། གཞུང་འདི་ཡི་གེར་འགོད་མཁན་ནི་སཱ་མུ་ཨེལ་ཡིན་ཞེས་བརྗོད་ཡོད་ནའང་། ཡི་གེར་འགོད་མཁན་ངོ་མ་སུ་ཡིན་ཐག་གིས་མི་ཆོད། ཅིག་བྱས་ན་སཱ་མུ་ཨེལ་གྱིས་ཁྲིམས་དཔོན་རྣམས་ཀྱི་སྐབས་དེའི་ལོ་རྒྱུས་ཡིག་ཆ་བསྡུ་སྒྲིག་བྱས་ནས་ཉར་ཚགས་བྱས་ཡོད་པ་དང་། ལུང་སྟོན་པ་ཁ་ཤས་ཀྱིས་ཡིག་ཆ་དེ་དག་གི་མ་ཕྱི་ཇི་བཞིན་ཡི་གེར་བཀོད་པ་ཡིན་ཀྱང་སྲིད། དེའི་སྐོར་སྔོན་རབས་དང་པོའི་ལེའུ་ཉེར་དགུ་པའི་ཚིག་རྐང་ཉེར་དགུ་ལ་གཟིགས་རོགས། གཞུང་འདི་ཡི་གེར་བཀོད་པའི་ལོ་ཚིགས་ནི་སྤྱི་ལོ་སྔོན་གྱི་ལོ་ཆིག་སྟོང་གི་རྗེས་སུ་ཡིན་པར་གདོན་མི་ཟ།
བརྗོད་སྙིང་དང་གསུང་འཕྲིན།
ཕྱོགས་གཅིག་ནས་ཁྲིམས་དཔོན་གྱི་གཞུང་དུ་སྐབས་དེར་ཡང་དང་བསྐྱར་དུ་བྱུང་བའི་ལྟ་ལོག་པའི་རྐྱེན་གྱིས་དཀོན་མཆོག་གིས་ཁོ་རྣམས་ལ་ཉེས་ཆད་བཅད་པ་དང་། ཕྱོགས་གཞན་ཞིག་ནས། དཀའ་སྡུག་དང་ཕྲད་པའི་སྐབས་སུ་དཀོན་མཆོག་ལ་ཞུ་བ་ནན་གྱིས་ཞུས་ཚུལ་བརྗོད་ཡོད། དེ་བས་དཀོན་མཆོག་གིས་ཁྲིམས་དཔོན་བསྐོས་པ་དང་། ཁྲིམས་དཔོན་རྣམས་བརྒྱུད་ནས་གནོད་འཚེ་གཏོང་མཁན་གྱི་ཕྱི་ཕྱོགས་པ་རྣམས་མེད་པར་མཛད་པར་མ་ཟད་ཡུལ་དེ་སླར་ཡང་བདེ་ལ་བཀོད། གཞུང་འདི་ལས་ཡང་དང་བསྐྱར་དུ་བྱུང་བའི་གནས་ཚུལ་རྣམས་གསུངས་ཡོད་དེ། དཔེར་ན། ཡེས་ར་ཨེལ་པ་རྣམས་ལྟ་བ་ལོག་པ་དང་ཁོ་ཚོར་གཉའ་གནོན་ཐེབས་པ། སྡུག་བསྔལ་བྱུང་བ། དཀོན་མཆོག་གིས་ཁོ་ཚོ་སྡུག་བསྔལ་དེ་དག་ལས་ཐར་བར་མཛད་པ་བཅས་ཀྱི་སྐོར་བརྗོད་ཡོད། ཁྲིམས་དཔོན་ཞེས་པའི་གཞུང་དུ་ཡེས་ར་ཨེལ་པ་རྣམས་ཀྱིས་བྱ་སྤྱོད་ཅི་ལྟར་སྤེལ་བའི་ཐད། སྐབས་དེར་ཡེས་ར་ཨེལ་གྱི་ཁྲོད་དུ་རྒྱལ་པོ་མེད་ལ། མི་རེ་རེས་གང་འདོད་བཞིན་བྱས་སོ། །ཞེས་ལུང་དྲངས་ཡོད།
འཆར་ཟིན།
1. ཡེས་ར་ཨེལ་པ་རྣམས་ཀྱིས་མི་རིགས་གཞན་དག་ཕྱིར་མ་བསྐྲད་པ་དང་དཀོན་མཆོག་སྤངས་པའི་སྐོར། ༼1:1-3:6༽
ཀ ས་བཅད་དང་པོ། ༼1:1-2:5༽
ཁ། ས་བཅད་གཉིས་པ། ༼2:6-3:6༽
2. རྒྱལ་ཕྲན་རྣམས་ཀྱིས་ཡེས་ར་ཨེལ་ལ་གཉའ་གནོན་བྱས་པ་དང་ཁྲིམས་དཔོན་དག་གིས་དེ་ཚོར་སྲུང་སྐྱོབ་བྱས་པའི་སྐོར། ༼3:7-16:31༽
3. ཆོས་ལུགས་དང་ཀུན་སྤྱོད་ཕྱོགས་ཀྱི་རྙོག་དྲ། ༼17:1-21:25༽
ཀ ས་བཅད་དང་པོ། ༼17:1-18:31༽
ཁ། ས་བཅད་གཉིས་པ། ༼19:1-21:25༽
ལེའུ་དང་པོ།
ཡ་ཧུ་དཱ་པས་ཀ་ན་ཨན་གྱི་ལྷག་ལུས་རྣམས་ལ་འཐབ་འཛིང་བྱས་པ།
ཡོ་ཤུ་ཨ་ཚེ་ལས་འདས་རྗེས། ཡེས་ར་ཨེལ་པ་རྣམས་ཀྱིས་དཀོན་མཆོག་ཡ་ཝཱེ་ལ་འདི་ལྟར་ཞུས་པ་སྟེ། ངེད་རྣམས་ལས་སུ་ཞིག་སྔོན་ལ་ཡར་སོང་སྟེ་ཀ་ན་ཨན་པ་རྣམས་ལ་རྒོལ་ནས་ཁོ་ཚོ་དང་འཐབ་འཛིང་བྱེད་འོས་སམ་ཞེས་པ་ལ། དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ཡ་ཧུ་དཱ་སྔོན་ལ་ཡར་འགྲོ་འོས་ཏེ། ལྟོས་དང་། བདག་གིས་ཡུལ་དེ་ཁོའི་ལག་ཏུ་སྤྲད་ཟིན་ཞེས་གསུངས། ཡ་ཧུ་དཱ་ཡིས་རང་གི་ཕུ་བོ་སི་མུ་ཨོན་ལ། ཀ་ན་ཨན་པ་རྣམས་དང་འཐབ་འཛིང་བྱེད་པའི་ཕྱིར་ཁྱེད་རང་ང་དང་མཉམ་དུ་ངས་རྒྱན་བླངས་ནས་ཐོབ་པའི་ཡུལ་དེར་འགྲོ་རོགས་ཞུ། རྗེས་སུ་ང་རང་ཡང་ཁྱེད་དང་མཉམ་དུ་ཁྱེད་ཀྱིས་རྒྱན་བླངས་ནས་ཐོབ་པའི་ཡུལ་དེར་འགྲོ་བར་བྱ་ཞེས་སྨྲས་པ་ལ། སི་མུ་ཨོན་ཁོ་དང་མཉམ་དུ་ཕྱིན་ཏོ། ། དེར་ཡ་ཧུ་དཱ་ཡར་ཕྱིན་པ་དང་དཀོན་མཆོག་ཡ་ཝཱེས་ཀ་ན་ཨན་པ་དང་ཕེ་རེ་ཟི་པ་རྣམས་ཁོ་ཚོའི་ལག་ཏུ་སྤྲད་ཅིང་། ཁོ་ཚོས་པེ་ཟེག་ཏུ་མི་ཁྲི་གཅིག་བསད། ཡང་དེར་ཨ་དོ་ནི་པེ་ཟེག་ལ་ཕྲད་དེ་ཁོ་དང་འཐབ་ནས་ཀ་ན་ཨན་པ་དང་ཕེ་རེ་ཟི་པ་རྣམས་ཕམ་པར་བརྒྱབ། ཨ་དོ་ནི་པེ་ཟེག་བྲོས་པ་དང་། ཁོ་ཚོས་དེའི་རྗེས་དེད་ནས་བཟུང་ཞིང་རྐང་ལག་གཉིས་ཀའི་མཐེ་བོང་བཅད། ཨ་དོ་ནི་པེ་ཟེག་གིས། སྔར་རྒྱལ་པོ་བདུན་ཅུ་ཡོད་ཅིང་དེ་དག་གི་རྐང་ལག་གཉིས་ཀའི་མཐེ་བོང་རྣམས་བཅད་པ་དང་། ངའི་གསོལ་ལྕོག་གི་འོག་ཏུ་ཁ་ཟས་ཙག་ཙིག་འཐུ་བ་ཡིན། ད་ནི་དཀོན་མཆོག་གིས་ངས་ཅི་ཞིག་བྱས་པ་བཞིན་དུ་ང་ལ་ལན་གནང་བྱུང་ཞེས་སྨྲས། དེ་ནས་ཁོ་ཚོས་ཨ་དོ་ནི་པེ་ཟེག་ཁོ་རང་ཡེ་རུ་སཱ་ལེམ་དུ་ཁྲིད་པ་དང་ཁོ་དེ་རུ་ཤིའོ། ། ཡ་ཧུ་དཱ་པ་རྣམས་ཀྱིས་ཡེ་རུ་སཱ་ལེམ་ལ་དམག་བརྒྱབ་ནས་གྲོང་ཁྱེར་བླངས་པ་དང་། གྲོང་ཁྱེར་ནང་གི་མི་རྣམས་ལ་རལ་གྲིས་བརྒྱབ་པར་མ་ཟད་གྲོང་ཁྱེར་མེར་བསྲེགས། དེ་ནས་ཡ་ཧུ་དཱ་པ་རྣམས་མར་སོང་སྟེ་རི་ཁུལ་དང་ནེ་གུབ་ཡུལ། རི་ཀླུང་བཅས་སུ་གནས་པའི་ཀ་ན་ཨན་པ་རྣམས་དང་འཐབ་འཛིང་བྱས། 10 ཡ་ཧུ་དཱ་པ་རྣམས་སོང་ནས་ཧེབ་རོན་དུ་གནས་པའི་ཀ་ན་ཨན་པ་རྣམས་ལ་རྒོལ་ཞིང་། ཤེ་ཤཱ་ཨི་དང་ཨ་ཧི་མན། ཐལ་མ་ཨི་བཅས་ཕམ་པར་བརྒྱབ། ཧེབ་རོན་ལ་སྔོན་ཆད་ཀིར་ཡཱད་ཨར་པཱ་ཞེས་བྱའོ། ། 11 ཁོ་ཚོ་དེ་ནས་སོང་སྟེ་དི་བིར་དུ་གནས་པ་རྣམས་ལ་ཕར་རྒོལ་བྱས། དི་བིར་ལ་སྔར་ཀིར་ཡཱད་སེ་ཕེར་ཞེས་འབོད་པ་ཡིན། 12 ཀཱ་ལེབ་ཀྱིས། སུ་ཞིག་གིས་ཀིར་ཡཱད་སེ་ཕེར་ལ་དམག་བརྒྱབ་ནས་གྲོང་ཁྱེར་འཕྲོག་ནུས་ན། ངས་རང་གི་བུ་མོ་ཨག་ས་དེའི་ཆུང་མར་སྟེར་བར་བྱ་ཞེས་སྨྲས། 13 ཀཱ་ལེབ་ཀྱི་ནུ་བོ་སྟེ་ཀེ་ན༌ཟཱ་ཡི་བུ་ཨོད་ནི་ཨེལ་གྱིས་གྲོང་ཁྱེར་དེ་ཕྲོགས་པས། ཀཱ་ལེབ་ཀྱིས་བུ་མོ་ཨག་ས་དེར་ཆུང་མར་བྱིན། 14 ཨག་ས་བག་མར་གཏོང་བའི་སྐབས་སུ། སྐྱེས་པར་ཁོ་མོའི་ཕ་ལས་ཞིང་ས་ཞིག་སློང་དགོས་པར་བསྐུལ་ཞིང་། ཨག་ས་བོང་བུ་ནས་བབས་མ་ཐག་ཀཱ་ལེབ་ཀྱིས་ཁོ་མོར། ཁྱོད་ལ་ཅི་ཞིག་དགོས་སམ་ཞེས་དྲིས་པ་ལ། 15 ཁོ་མོས། ཁྱེད་ཀྱིས་ང་ལ་བྱིན་རླབས་གནང་བར་མཛོད། ཁྱེད་ཀྱིས་ང་རང་ནེ་གུབ་ཡུལ་དུ་བཀོད་སྒྲིག་མཛད་པས་ང་ལ་ཆུ་མིག་རྣམས་ཀྱང་གནང་རོགས་ཞུ་ཞེས་ཞུས་པ་དང་། ཀཱ་ལེབ་ཀྱིས་སྟོད་སྨད་གཉིས་ཀྱི་ཆུ་མིག་རྣམས་ཁོ་མོར་གནང་ངོ་། །
ཡ་ཧུ་དཱ་དང་པེན་ཡཱ་མེན་གཉིས་ལ་རྒྱལ་ཁ་ཐོབ་པ།
16 མོ་ཤེའི་སྒྱུག་པོ་ནི་ཀེ་ནེ་པ་ཡིན་ཞིང་། ཁོའི་བུ་རྒྱུད་རྣམས་ཡ་ཧུ་དཱ་པ་རྣམས་དང་མཉམ་དུ་ཤིང་ཏ་ལའི་གྲོང་ཁྱེར་དང་བྲལ་ནས་ཨ་རད་དང་ཉེ་བའི་ནེ་གུབ་ཡུལ་གྱི་ཡ་ཧུ་དཱའི་དབེན་སྟོང་དུ་སོང་སྟེ་དམངས་ཁྲོད་དུ་བསྡད། 17 ཡ་ཧུ་དཱ་དང་ཁོའི་ཕུ་བོ་སི་མུ་ཨོན་གཉིས་ཀ་མཉམ་དུ་སོང་ནས། ཚེ་པད་དུ་གནས་པའི་ཀ་ན་ཨན་པ་རྣམས་བསད་ཅིང་། གྲོང་ཁྱེར་མེད་པར་བཟོས་པ་དང་། གྲོང་ཁྱེར་དེའི་མིང་ལ་ཧོར་མཱ་ *ཞེས་བྱའོ། ། 18 ཡ་ཧུ་དཱས་གཱ་ཟཱ་དང་དེའི་མངའ་ཁོངས། ཨ་ཤཱ་ཀེ་ལོན་དང་དེའི་མངའ་ཁོངས། ཨེག་རོན་དང་དེའི་མངའ་ཁོངས་བཅས་ཀྱང་བླངས། 19 དཀོན་མཆོག་ཡ་ཝཱེ་ནི་ཡ་ཧུ་དཱ་དང་མཉམ་དུ་བཞུགས་པས། ཡ་ཧུ་དཱས་རི་ཁུལ་གྱི་མི་རྣམས་ཕར་བསྐྲད་མོད། ཐང་གི་མི་རྣམས་ལ་ལྕགས་ཀྱི་ཤིང་རྟ་ཡོད་པས་དེ་རྣམས་ཕར་སྐྲོད་མ་ནུས་སོ། ། 20 ཡ་ཧུ་དཱ་པ་རྣམས་ཀྱིས་མོ་ཤེས་ཇི་ལྟར་གསུངས་པ་ནང་བཞིན་ཧེབ་རོན་ཡུལ་ནི་ཀཱ་ལེབ་ལ་སྤྲད་པ་དང་། ཀཱ་ལེབ་ཀྱིས་དེ་ནས་ཨ་ནག་གི་རིགས་རྒྱུད་གསུམ་ཕར་བསྐྲད། 21 པེན་ཡཱ་མེན་གྱི་མི་རྣམས་ཀྱིས་ཡེ་རུ་སཱ་ལེམ་དུ་གནས་པའི་ཡེ་བུ་སི་པ་རྣམས་ཕར་མ་བསྐྲད་ཅིང་། ད་ལྟའི་བར་དུ་ཡེ་བུ་སི་པ་རྣམས་སྔར་བཞིན་ཡེ་རུ་སཱ་ལེམ་དུ་པེན་ཡཱ་མེན་གྱི་མི་རྣམས་དང་མཉམ་དུ་གནས་སོ། །
ཨེ་ཕཱར་ཡིམ་དང་མཱ་ན་ཤེ་གཉིས་ཀྱིས་པེད་ཨེལ་བླངས་པ།
22 ཡོ་སེབ་ཀྱི་ཁྱིམ་རྒྱུད་ཡར་སོང་སྟེ་པེད་ཨེལ་ལ་རྒོལ་ཞིང་། དཀོན་མཆོག་ཡ་ཝཱེ་ཁོ་རྣམས་དང་མཉམ་དུ་བཞུགས་སོ། ། 23 ཡོ་སེབ་ཁྱིམ་རྒྱུད་ཀྱིས་མི་མངགས་ཏེ་པེད་ཨེལ་ལ་ལྐོག་ཞིབ་བྱེད་དུ་ཕྱིན་པ་དང་། སྔར་གྲོང་ཁྱེར་དེའི་མིང་ལ་ལོ་ཟི་ཞེས་བྱ། 24 ལྟ་ཉུལ་པ་རྣམས་ཀྱིས་མི་ཞིག་གྲོང་ཁྱེར་ནས་ཕྱིར་ཐོན་འོང་བ་མཐོང་སྟེ་མི་དེ་ལ། ཁྱོད་ཀྱིས་གྲོང་ཁྱེར་ནང་དུ་འགྲོ་བའི་ལམ་སྟོན་དང་ངེད་རྣམས་ཀྱིས་ཁྱོད་རང་དྲིན་གྱིས་སྐྱོང་བར་བྱ་ཞེས་སྨྲས་པ་ལ། 25 མི་དེས་གྲོང་ཁྱེར་ནང་དུ་འགྲོ་བའི་ལམ་ཁོ་རྣམས་ལ་བསྟན་ཅིང་། ཁོ་ཚོས་གྲོང་ཁྱེར་ནང་གི་མི་རྣམས་ལ་རལ་གྲིས་བརྒྱབ་མོད། འོན་ཀྱང་མི་དེ་དང་དེའི་ཁྱིམ་མི་ཚང་མ་བཏང་ངོ་། ། 26 མི་དེ་ཧེད་པའི་ཡུལ་དུ་ཕྱིན་ཅིང་གྲོང་ཁྱེར་ཞིག་བརྩིགས་ནས་མིང་ལ་ལོ་ཟི་ཞེས་བཏགས་པ་དང་། གྲོང་ཁྱེར་དེའི་མིང་ལ་ད་ལྟའང་དེ་སྐད་འབོད་དོ། །
ཡེས་ར་ཨེལ་པ་རྣམས་ཀྱིས་ཕྱིར་མ་བསྐྲད་པའི་མི།
27 མཱ་ན་ཤེ་ཡིས་པེད་ཤེ་ཨན་དང་དེའི་གྲོང་རྡལ་ལ་གཏོགས་པའི་མི་རྣམས་དང་། ཐ་ཨ་ནག་དང་དེའི་གྲོང་རྡལ་ལ་གཏོགས་པའི་མི་རྣམས། དཱོར་དང་དེའི་གྲོང་རྡལ་ལ་གཏོགས་པའི་མི་རྣམས། ཡིབ་ལེ་ཨམ་དང་དེའི་གྲོང་རྡལ་ལ་གཏོགས་པའི་མི་རྣམས། མེ་གིད་དོ་དང་དེའི་གྲོང་རྡལ་ལ་གཏོགས་པའི་མི་རྣམས་བཅས་ཕར་མ་བསྐྲད་མོད། འོན་ཀྱང་ཀ་ན་ཨན་པ་རྣམས་ཨུ་ཚུགས་ཀྱིས་ཡུལ་དེ་དག་ཏུ་བསྡད། 28 དེ་ལྟར་ཡེས་ར་ཨེལ་སྟོབས་འབྱོར་ལྡན་པར་གྱུར་པའི་ཚེ། ཀ་ན་ཨན་པ་རྣམས་སྡུག་ལས་སུ་སྦྱར་ནའང་དེ་དག་ཡོངས་སུ་མ་བསྐྲད་དོ། ། 29 ཨེ་ཕཱར་ཡིམ་གྱིས་གེ་ཟེར་དུ་གནས་པའི་ཀ་ན་ཨན་པ་རྣམས་ཕྱིར་མ་བསྐྲད་པས། ཀ་ན་ཨན་པ་རྣམས་སྔར་བཞིན་ཨེ་ཕཱར་ཡིམ་གྱི་ཁྲོད་དུ་གེ་ཟེར་དུ་གནས་སོ། ། 30 ཟེ་བུ་ལུན་གྱིས་ཀིད་རོན་གྱི་མི་རྣམས་དང་ན་ཧ་ལོལ་གྱི་མི་རྣམས་ཕྱིར་མ་བསྐྲད་པས། ཀ་ན་ཨན་པ་རྣམས་སྔར་བཞིན་ཟེ་བུ་ལུན་གྱི་ཁྲོད་དུ་གནས་ཤིང་སྡུག་ལས་བྱེད་མཁན་དུ་གྱུར་ཏོ། ། 31 ཨ་ཤེར་གྱིས་ཨག་ཀོ་དང་ཚི་ཏུན་གྱི་མི་རྣམས་དང་། ཨག་ལབ་དང་ཨག་སིབ་ཀྱི་མི་རྣམས། ཧེལ་པཱ་དང་ཨ་པིག རེ་ཧོབ་བཅས་ཀྱི་མི་རྣམས་ཕྱིར་མ་བསྐྲད་པ་དང་། 32 དེ་ནས་ཨ་ཤེར་པ་རྣམས་ཀྱིས་ཡུལ་དེའི་ཀ་ན་ཨན་པ་རྣམས་ཕྱིར་མ་བསྐྲད་པས་ཁོ་རྣམས་ཀྱི་ཁྲོད་དུ་གནས་སོ། ། 33 ནཱབ་ཐ་ལི་ཡིས་པེད་ཤེ་མེ་སི་དང་པེད་ཨ་ནད་ཀྱི་མི་རྣམས་ཕྱིར་མ་བསྐྲད་པས། ནཱབ་ཐ་ལི་ཡུལ་དེའི་ཀ་ན་ཨན་པ་རྣམས་ཀྱི་ཁྲོད་དུ་གནས། འོན་ཀྱང་པེད་ཤེ་མེ་སི་དང་པེད་ཨ་ནད་ཀྱི་མི་རྣམས་ཁོ་ཚོར་སྡུག་ལས་བྱེད་མཁན་དུ་གྱུར་ཏོ། ། 34 ཨེ་མོར་པ་རྣམས་ཀྱིས་དཱན་གྱི་མི་རྣམས་བཙན་གྱིས་རི་ཁུལ་དུ་དེད་ནས་ཁོ་ཚོ་ཐང་བདེ་ལ་འོང་དུ་མ་བཅུག 35 ཨེ་མོར་པ་རྣམས་ཨུ་ཚུགས་ཀྱིས་ཧེ་རེ་སི་རི་དང་ཨ་ཡཱ་ལོན། ཤཱ་ཨལ་པིམ་བཅས་སུ་བསྡད་མོད། འོན་ཀྱང་ཡོ་སེབ་ཀྱི་བུ་རྒྱུད་ནི་ཁོ་རྣམས་ལས་རྒྱལ་བས་ཁོ་རྣམས་སྡུག་ལས་བྱེད་མཁན་དུ་གྱུར་ཏོ། ། 36 ཨེ་མོར་པ་རྣམས་ཀྱི་ས་མཚམས་ནི་ཨག་རབ་པིམ་དང་སེ་ལཱ་ནས་གོང་དུ་ཕྱིན་ཏོ། །
* ལེའུ་དང་པོ།:17 ཧོར་མཱ་ཞེས་པ་ནི་གཏོར་བརླག་བཏང་བའི་དོན་ལ་འཇུག