ལེའུ་བཅུ་གཅིག་པ།
ཡེབ་ཐཱ་སྐྱེས་པ།
1 གིལ་ཨད་པ་ཡེབ་ཐཱ་ནི་དཔའ་རྒོད་རྩལ་ཅན་ཞིག་ཡིན་ལ། དེ་ནི་གིལ་ཨད་ལས་སྐྱེས་ཤིང་མ་ནི་སྨད་འཚོང་མ་ཞིག་ཡིན།
2 ཡང་གིལ་ཨད་ཀྱི་ཆུང་མས་ཀྱང་དེ་ལ་བུ་འགའ་བཙས་ཤིང་། ཁོའི་ཆུང་མས་བཙས་པའི་བུ་རྣམས་ནར་སོན་པ་དང་ཡེབ་ཐཱ་ཕྱིར་ཕུད་དེ་ན་རེ། ཁྱོད་ནི་སྨད་འཚོང་མའི་བུ་ཡིན་པས་ངེད་ཅག་གི་ཕ་ལས་ནོར་སྐལ་ཐོབ་མི་རུང་ཞེས་སྨྲས་པས།
3 ཡེབ་ཐཱ་རང་གི་སྤུན་རྣམས་ལས་བྲོས་ཏེ་ཏོབ་ཀྱི་ཡུལ་དུ་གནས་པ་དང་། ཇག་རྐུན་འགའ་ཞིག་ཁོའི་གམ་དུ་འདུས་ནས་ཁོའི་རྗེས་སུ་འབྲངས།
4 ཉིན་འགའ་ཡི་རྗེས་སུ་ཨམ་མོན་པས་ཡེས་ར་ཨེལ་ལ་འཐབ་འཛིང་བྱས་ཤིང་།
5 ཨམ་མོན་པས་ཡེས་ར་ཨེལ་ལ་འཐབ་འཛིང་བྱེད་པའི་དུས་སུ། གིལ་ཨད་ཀྱི་རྒན་པོ་རྣམས་ཏོབ་ཀྱི་ཡུལ་དུ་ཡེབ་ཐཱ་འབོད་དུ་སོང་ནས།
6 དེ་ཚོས་ཡེབ་ཐཱ་ལ་འདི་ལྟར། ངེད་ཅག་གིས་ཨམ་མོན་པ་རྣམས་ལ་དམག་བརྒྱག་པའི་ཕྱིར་ཁྱེད་ཡོང་ནས་ངེད་ཅག་གི་དམག་དཔོན་བྱེད་རོགས་ཞེས་ཞུས་པ་ལ།
7 ཡེབ་ཐཱ་ཡིས་གིལ་ཨད་ཀྱི་རྒན་པོ་རྣམས་ལ་འདི་ལྟར། སྔོན་ཆད་ཁྱོད་རྣམས་ང་ལ་སྡང་ཞིང་ང་རང་ཕ་གཞིས་ནས་ཕྱིར་ཕུད་པ་མ་ཡིན་ནམ། ད་ལྟ་ཁྱོད་རྣམས་དཀའ་སྡུག་ལ་ཕྲད་དུས་ཅིའི་ཕྱིར་ངའི་རྩར་ཡོང་ངམ་ཞེས་ལན་བཏབ་པ་དང་།
8 གིལ་ཨད་ཀྱི་རྒན་པོ་རྣམས་ཀྱིས་ཡེབ་ཐཱ་ལ། ངེད་ཅག་ད་ལྟ་ཁྱེད་ཀྱི་དྲུང་དུ་ཡོང་དོན་ནི། ཁྱེད་རང་ངེད་ཅག་དང་མཉམ་དུ་ཕྱིན་ཏེ་ཨམ་མོན་པ་རྣམས་ལ་འཐབ་པའི་ཕྱིར་ཡིན་ལ། ཁྱེད་ནི་གིལ་ཨད་པ་ཐམས་ཅད་ཀྱི་འགོ་དཔོན་དུ་འགྱུར་རོ་ཞེས་ཞུས་ཤིང་།
9 ཡེབ་ཐཱ་ཡིས་གིལ་ཨད་ཀྱི་རྒན་པོ་རྣམས་ལ། ཁྱོད་རྣམས་ཀྱིས་ང་རང་ཨམ་མོན་པ་རྣམས་ལ་འཐབ་པའི་ཕྱིར་ཁྲིད་ནས། དཀོན་མཆོག་ཡ་ཝཱེས་དེ་དག་ངའི་ལག་ཏུ་སྤྲད་པ་ཡིན་ཚེ། ང་རང་ཁྱོད་རྣམས་ཀྱི་འགོ་དཔོན་བྱེད་དམ་ཞེས་ལན་བཏབ་པ་དང་།
10 གིལ་ཨད་ཀྱི་རྒན་པོ་རྣམས་ཀྱིས་ཡེབ་ཐཱ་ལ། དཀོན་མཆོག་ཡ་ཝཱེས་བདག་ཅག་གི་བར་དུ་བདེན་དཔང་མཛད་པ་སྟེ། ངེད་རྣམས་ཀྱིས་ཁྱེད་ཀྱིས་ཅི་སྨྲས་པ་བཞིན་བྱེད་ངེས་ཡིན་ཞེས་ཞུས།
11 དེ་ནས་ཡེབ་ཐཱ་ནི་གིལ་ཨད་ཀྱི་རྒན་པོ་རྣམས་དང་མཉམ་དུ་ཕྱིར་ལོག་ཅིང་། འབངས་རྣམས་ཀྱིས་ཁོ་འགོ་དཔོན་དང་དམག་དཔོན་དུ་བསྐོས་པ་དང་། ཡེབ་ཐཱ་ཡིས་མཱས་ཟི་ཕཱ་རུ་དཀོན་མཆོག་ཡ་ཝཱེའི་དྲུང་དུ་རང་གི་གཏམ་ཐམས་ཅད་གསལ་པོར་ཞུས་སོ། །
12 ཡེབ་ཐཱ་ཡིས་ཨམ་མོན་པ་རྣམས་ཀྱི་རྒྱལ་པོའི་དྲུང་དུ་བང་ཆེན་མངགས་ཏེ་འདི་ལྟར། འུ་གཉིས་བར་དུ་འབྲེལ་བ་ཅི་ཡོད། ཁྱོད་རང་ངའི་ཡུལ་དུ་འོངས་ནས་ང་ལ་རྒོལ་དགོས་པའི་དོན་ཅི་ཡོད་དམ་ཞེས་སྨྲས་པར།
13 ཨམ་མོན་པ་རྣམས་ཀྱི་རྒྱལ་པོས་ཡེབ་ཐཱ་ཡི་བང་ཆེན་ལ་འདི་ལྟར། ཡེས་ར་ཨེལ་པ་རྣམས་ཨེ་ཅིབ་ཡུལ་ནས་ཐོན་པའི་ཚེ་ངའི་ཡུལ་ཏེ་ཨར་ནོན་གཙང་པོ་ནས་ཡཱབ་པོག་གཙང་པོ་དང་དེ་ནས་ཡོར་དན་གཙང་པོའི་བར་དུ་བཟུང་བས། ད་ལྟ་ཁྱོད་ཀྱིས་ཡུལ་དེ་རྣམས་ཞི་བདེའི་ངང་ཕྱིར་སྤྲོད་ཅིག་ཅེས་ལན་བཏབ།
14 ཡེབ་ཐཱ་ཡིས་ཡང་ཨམ་མོན་པ་རྣམས་ཀྱི་རྒྱལ་པོའི་དྲུང་དུ་བང་ཆེན་མངགས་ཏེ།
15 ཁོ་ལ་ན་རེ། ཡེབ་ཐཱས་འདི་ལྟར། ཡེས་ར་ཨེལ་པས་མོ་ཨབ་པའི་ཡུལ་དང་ཨམ་མོན་པའི་ཡུལ་རྣམས་བཟུང་མེད་དེ།
16 ཡེས་ར་ཨེལ་པ་རྣམས་ཨེ་ཅིབ་ཡུལ་ནས་ཐོན་ཏེ་དབེན་སྟོང་བརྒྱུད་ནས་རྒྱ་མཚོ་དམར་པོ་དང་དེ་ནས་ཀཱ་དེའེ་ཤཱ་རུ་སླེབས་པའི་ཚེ།
17 ཨེ་དོམ་གྱི་རྒྱལ་པོའི་དྲུང་དུ་བང་ཆེན་མངགས་ནས་འདི་ལྟར། ངེད་ཅག་ཁྱེད་ཀྱི་ཡུལ་བརྒྱུད་ནས་འགྲོ་རུ་འཇུག་པར་མཛོད་ཅེས་ཞུས་ནའང་། ཨེ་དོམ་རྒྱལ་པོས་ཆོག་མཆན་མ་གནང་། ཡང་དེ་བཞིན་དུ་མོ་ཨབ་རྒྱལ་པོའི་དྲུང་དུ་བང་ཆེན་མངགས་ནའང་། ཁོ་ཡང་དེར་མ་འཐད་པས། ཡེས་ར་ཨེལ་པ་རྣམས་ཀཱ་དེའེ་ཤཱ་རུ་བསྡད།
18 ཡང་ཁོ་རྣམས་དབེན་སྟོང་བརྒྱུད་དེ་ཨེ་དོམ་དང་མོ་ཨབ་ཀྱི་ཡུལ་བསྐོར་ནས། མོ་ཨབ་ཡུལ་གྱི་ཤར་ཕྱོགས་སུ་སླེབས་ཤིང་ཨར་ནོན་གཙང་པོའི་འགྲམ་དུ་སྒར་བཏབ་པ་དང་། ཨར་ནོན་གཙང་པོ་ནི་མོ་ཨབ་ཀྱི་ས་མཚམས་ཡིན་པས་དེ་དག་མོ་ཨབ་ཀྱི་མངའ་ཁོངས་སུ་མ་ཕྱིན་ཏོ། །
19 དེ་ནས་ཡེས་ར་ཨེལ་པ་རྣམས་ཀྱིས་ཧེ་སི་པོན་གྱི་རྒྱལ་པོ་སྟེ། ཨེ་མོར་པའི་རྒྱལ་པོ་སི་ཧོན་གྱི་དྲུང་དུ་བང་ཆེན་མངགས་ཏེ་དེ་ལ་འདི་ལྟར། ངེད་ཅག་ཁྱེད་ཀྱི་ཡུལ་བརྒྱུད་ནས་རང་གི་གནས་སུ་འགྲོ་རུ་འཇུག་པར་མཛོད་ཅེས་ཞུས་པ་ལ།
20 སི་ཧོན་གྱིས་ཡེས་ར་ཨེལ་པ་རྣམས་ལ་ཡིད་མ་ཆེས་པས། དེ་རྣམས་ཁོའི་མངའ་ཁོངས་བརྒྱུད་ནས་འགྲོ་རུ་མ་བཅུག་པར། རང་གི་མི་རྣམས་བསྡུས་ནས་ཡ་ཙཱ་རུ་སྒར་བཏབ་ཅིང་ཡེས་ར་ཨེལ་པ་རྣམས་ལ་འཐབ་འཛིང་བྱས།
21 དེར་ཡེས་ར་ཨེལ་གྱི་དཀོན་མཆོག་ཡ་ཝཱེས་སི་ཧོན་དང་ཁོའི་མི་ཐམས་ཅད་ཡེས་ར་ཨེལ་པ་རྣམས་ཀྱི་ལག་ཏུ་སྤྲད་པས། ཡེས་ར་ཨེལ་པས་ཁོ་རྣམས་ཕམ་པར་བརྒྱབ་སྟེ་ཨེ་མོར་པའི་ཡུལ་ཐམས་ཅད་བཟུང་བ་སྟེ།
22 དེ་ཚོས་ཨར་ནོན་གཙང་པོ་ནས་ཡཱབ་པོག་བར་དང་། དབེན་སྟོང་ནས་ཡོར་དན་གཙང་པོ་བར་གྱི་ཨེ་མོར་པའི་ཡུལ་ཐམས་ཅད་བཟུང་ངོ་། །
23 ཡེས་ར་ཨེལ་གྱི་དཀོན་མཆོག་ཡ་ཝཱེས་ད་ལྟ་ཁོང་གི་འབངས་མི་ཡེས་ར་ཨེལ་པའི་མདུན་ནས་ཨེ་མོར་པ་རྣམས་ཕྱིར་བསྐྲད་ཀྱང་། ཁྱོད་ཀྱིས་ཁོ་རྣམས་ཀྱི་ཡུལ་ལེན་པ་ཡིན་ནམ།
24 ཁྱོད་ཀྱི་ལྷ་ཀེ་མོ་སི་ཡིས་ཁྱོད་ལ་གནང་བའི་ཡུལ་ནི་ཁྱོད་ལ་ནོར་སྐལ་དུ་ཐོབ་པ་མ་ཡིན་ནམ། ངེད་ཅག་གི་དཀོན་མཆོག་ཡ་ཝཱེས་སུ་ཞིག་ངེད་རྣམས་ཀྱི་མདུན་ནས་ཕྱིར་བསྐྲད་ན། དེའི་ཡུལ་ནི་ངེད་རྣམས་ལ་ཐོབ་པ་ཡིན།
25 ཁྱོད་རང་མོ་ཨབ་ཀྱི་རྒྱལ་པོ་སྟེ་ཚིབ་ཕོར་གྱི་བུ་པཱ་ལག་ལས་ངར་བ་ཡིན་ནམ། དེས་ཡེས་ར་ཨེལ་པ་རྣམས་ལ་རྩོད་གླེང་ངམ་ཡང་ན་འཐབ་འཛིང་བྱས་སམ།
26 ཡེས་ར་ཨེལ་པ་རྣམས་ཧེ་སི་པོན་དང་དེ་ལ་གཏོགས་པའི་གྲོང་རྡལ་རྣམས་དང་། ཨ་རོ་ཨེར་དང་དེ་ལ་གཏོགས་པའི་གྲོང་རྡལ་རྣམས། དེ་མིན་ཨར་ནོན་གཙང་པོའི་འགྲམ་རྒྱུད་ཀྱི་གྲོང་ཁྱེར་ཐམས་ཅད་དུ་གནས་ཤིང་ལོ་ངོ་སུམ་བརྒྱ་འདས་པ་དང་། ལོ་ངོ་སུམ་བརྒྱའི་རིང་ལ་ཁྱོད་ཅག་གིས་ཅིའི་ཕྱིར་ཡུལ་དེ་རྣམས་ཕྱིར་མ་བླངས་པ་ཡིན།
27 མ་གཞི་བདག་གིས་ཁྱོད་ལ་འགལ་བའི་སྡིག་པ་མ་བྱས་ནའང་། ཁྱོད་ཀྱིས་ང་ལ་དམག་བརྒྱབ་ནས་གནོད་བསྐྱལ་བས་ན། དེ་རིང་གི་ཉིན་མོ་འདིར་མི་ལ་ཉེས་ཁྲིམས་གཅོད་པའི་དཀོན་མཆོག་ཡ་ཝཱེ་ཉིད་ཀྱིས་ཡེས་ར་ཨེལ་པ་དང་ཨམ་མོན་པའི་བར་དུ་ལེགས་ཉེས་ཀྱི་དབྱེ་བ་འབྱེད་པར་ཤོག་ཅེས་སྨྲས་ནའང་།
28 ཨམ་མོན་པའི་རྒྱལ་པོས་ཡེབ་ཐཱ་ཡིས་མི་མངགས་ནས་སྨྲས་པའི་གཏམ་ལ་མ་མཉན་ཏོ། །
29 དཀོན་མཆོག་ཡ་ཝཱེའི་ཐུགས་ཉིད་ཡེབ་ཐཱ་ཡི་སྟེང་དུ་བབས་ཤིང་། ཁོ་རང་གིལ་ཨད་དང་མཱ་ན་ཤེ་བརྒྱུད་ནས་གིལ་ཨད་ཀྱི་མཱས་ཟི་ཕཱ་རུ་སླེབས་པ་དང་། ཡང་གིལ་ཨད་ཀྱི་མི་ཙི་ཕེ་ནས་ཨམ་མོན་པ་རྣམས་ཀྱི་ཕྱོགས་སུ་ཕྱིན།
30 དེ་ནས་ཡེབ་ཐཱ་ཡིས་དཀོན་མཆོག་ཡ་ཝཱེ་ལ་དམ་བཅའ་ཕུལ་ནས་འདི་ལྟར། གལ་ཏེ་ཁྱེད་ཀྱིས་ཨམ་མོན་པ་རྣམས་བདག་གི་ལག་ཏུ་སྤྲད་ན།
31 ང་རང་ཨམ་མོན་པ་རྣམས་ལས་བདེ་བར་ཕྱིར་ལོག་པའི་དུས་སུ། བདག་གི་ཁྱིམ་ནས་སུ་ཞིག་སྔོན་ལ་ང་བསུ་བར་ཡོང་ན་དེ་ནི་ཁྱེད་ཀྱི་ཡིན་ཏེ། བདག་གིས་དེ་ནི་སྦྱིན་སྲེག་ཏུ་འབུལ་བར་ངེས་ཞེས་ཞུས་སོ། །
32 དེ་ནས་ཡེབ་ཐཱ་ཁོ་རང་ཨམ་མོན་པ་རྣམས་ལ་འཐབ་འཛིང་བྱེད་དུ་སོང་ཞིང་། དཀོན་མཆོག་ཡ་ཝཱེས་དེ་དག་ཁོའི་ལག་ཏུ་སྤྲད་པས།
33 ཁོས་ཨ་རོ་ཨེར་ནས་མིན་ནིད་བར་དང་དེ་ནས་ཨ་བེལ་ཀེ་ར་མིམ་གྱི་བར་དུ་དེ་དག་རྩ་མེད་བཏང་ཞིང་། གྲོང་ཁྱེར་ཉི་ཤུ་རྒོལ་ནས་བླངས། ཨམ་མོན་པ་རྣམས་དེ་ལྟར་ཡེས་ར་ཨེལ་པ་རྣམས་ཀྱི་མདུན་དུ་བཏུལ་བའོ། །
ཡེབ་ཐཱ་ཡི་བུ་མོ།
34 ཡེབ་ཐཱ་ཕྱིར་མཱས་ཟི་ཕཱ་རུ་ལོག་སྟེ་རང་ཡུལ་དུ་སླེབས་པ་ན། བསམ་ཡུལ་ལས་འདས་པ་ཞིག་ལ་ཁོའི་བུ་མོས་སིལ་རྔ་བརྡུངས་ནས་བྲོ་འཁྲབ་ཀྱིན་ཁོ་བསུ་རུ་འོངས་པ་དང་། དེ་ནི་ཁོའི་བུ་མོ་གཅིག་པུ་ཡིན་ཞིང་། དེ་ལས་གཞན་ཁོ་ལ་བུ་དང་བུ་མོ་མེད་དོ། །
35 ཡེབ་ཐཱ་ཡིས་ཁོ་མོ་མཐོང་མ་ཐག་རང་གི་གྱོན་པ་གཤགས་ནས་འདི་ལྟར་སྨྲས་པ་སྟེ། ཀྱེ་ཧོ་བདག་གི་བུ་མོ་ལགས། ངས་དཀོན་མཆོག་ཡ་ཝཱེ་ལ་དམ་བཅའ་བཞག་ཅིང་དེ་ལ་ཟློག་ཐབས་མེད་པས། ཁྱོད་ཀྱིས་ང་རང་སྡུག་བསྔལ་ཆེན་པོ་དང་དཀའ་ལས་ཁག་པོར་གཏད་བྱུང་ཞེས་པ་ལ།
36 ཁོའི་བུ་མོ་ན་རེ། ཀྱེ་ཕ་ལགས། ཁྱེད་ཀྱིས་དཀོན་མཆོག་ཡ་ཝཱེ་ལ་དམ་བཅས་པ་ཡིན་ན། ཁྱེད་ཀྱིས་ཅི་ལྟར་ཁས་བླངས་པ་བཞིན་བདག་ལ་བྱེད་འོས། ཅི་ལ་ཞེ་ན། དཀོན་མཆོག་ཡ་ཝཱེས་ཁྱེད་ཀྱི་དགྲ་བོ་ཨམ་མོན་པ་རྣམས་ཀྱི་སྟེང་ནས་དགྲ་ཤ་བླངས་ཟིན་ཞེས་དང་།
37 ཡང་ཕ་ལ་འདི་ལྟར་ཞུས་པ་སྟེ། ཁྱེད་ཀྱིས་དོན་འདི་གཅིག་པུ་ལ་ཆོག་མཆན་གནང་བར་མཛོད། ང་རང་ད་དུང་ན་ཆུང་བུ་མོ་ཡིན་པའི་རྐྱེན་གྱིས་ང་དང་ངའི་མཛའ་གྲོགས་རྣམས་སོང་ནས་རི་མགོར་མྱ་ངན་བྱེད་པའི་ཆེད་དུ། ཟླ་བ་གཉིས་ཀྱི་དགོངས་པ་གནང་བར་མཛོད་ཅེས་པ་ལ།
38 ཡེབ་ཐཱ་ན་རེ། ཁྱོད་རང་སོང་ཞིག་ཅེས་སྨྲས་ཏེ། བུ་མོ་ཟླ་བ་གཉིས་ཀྱི་རིང་ལ་འགྲོ་རུ་བཅུག་གོ །དེ་ནས་བུ་མོ་རང་གི་མཛའ་གྲོགས་རྣམས་དང་མཉམ་དུ་སོང་ནས་རི་མགོར་ཁོ་མོ་ད་དུང་ན་ཆུང་བུ་མོ་ཡིན་པའི་རྐྱེན་གྱིས་མྱ་ངན་བྱས།
39 ཟླ་བ་གཉིས་ལོངས་པ་དང་ཁོ་མོ་ཕ་ཡི་དྲུང་དུ་ལོག་ཅིང་། ཕ་ཡིས་ཇི་ལྟར་དམ་བཅས་པ་བཞིན་ཁོ་མོར་དེ་ལྟར་བྱས། བུ་མོ་དེ་སྐྱེས་པར་འགྲོགས་མ་མྱོང་ངོ་། ། ཕྱིས་སུ་ཡེས་ར་ཨེལ་པའི་ཁྲོད་དུ་སྲོལ་ཞིག་ཆགས་པ་སྟེ།
40 ཡེས་ར་ཨེལ་པའི་བུད་མེད་རྣམས་ལོ་རེ་བཞིན་སོང་སྟེ་གིལ་ཨད་པ་ཡེབ་ཐཱ་ཡི་བུ་མོའི་དོན་དུ་ཉིན་བཞི་ལ་མྱ་ངན་བྱེད་པ་ཡིན་ནོ། །