ལེའུ་ལྔ་པ།
དི་བོ་རཱ་ཡི་བསྟོད་གླུ།
1 ཉིན་མོ་དེར་དི་བོ་རཱ་དང་ཨ་བི་ནོ་ཨམ་གྱི་བུ་པཱ་རག་གཉིས་ཀྱིས་མགུར་བླངས་ནས་འདི་ལྟར།
2 ཡེས་ར་ཨེལ་གྱི་ཁྲོད་དུ་ཁྲིད་མཁན་དམག་དཔོན་མཆིས། །འབངས་མི་རྣམས་ཀྱང་རང་ཉིད་བློས་གཏོང་ལ་ནི་མོས། །ཁྱོད་ཚོས་ཡ་ཝཱེ་ཁོང་ལ་བསྟོད་པ་འབུལ་འོས་སོ། །
3 ཀྱེ་ཀྱེ་གོང་མ་རྒྱལ་པོས་གསན་དགོས་ཏེ། །ཀྱེ་ཀྱེ་རྒྱལ་སྲས་རྣམས་ཀྱིས་རྣ་བ་གཏོད། །ང་ཡིས་ཡ་ཝཱེ་ཁོང་ལ་བསྟོད་དབྱངས་འབུལ། །ཡེས་ར་ཨེལ་གྱི་དཀོན་མཆོག་ཡ་ཝཱེར་བསྟོད། །
4 ཀྱེ་ཀྱེ་ཡ་ཝཱེ་སེ་ཨིར་ནས་ཕེབས་ཤིང་། །ཨེ་དོམ་ཡུལ་ནས་ཞབས་ཀྱིས་བཅགས་པའི་དུས། །ས་འགུལ་གནམ་ཟགས་སྤྲིན་ལས་ཆར་བ་བབས། །
5 ཡ་ཝཱེའི་དྲུང་དུ་རི་ལས་ཆུ་བོ་བབས། །ཡེས་ར་ཨེལ་གྱི་དཀོན་མཆོག་ཡ་ཝཱེ་ཡི། །སྤྱན་སྔར་སི་ནཱ་རི་ལས་ཆུ་རྣམས་བཞུར། །
6 ཨ་ནད་ཅེས་པའི་བུ་སྟེ་ཤམ་གཱར་དུས། །ཡ་ཨེལ་ཉིན་མོར་ལམ་ཆེན་སྟོང་བར་གྱུར། །ལམ་འགྲོ་ཀུན་པོ་ལམ་དེ་བསྐོར་ནས་སྐྱོད། །
7 དི་བོ་རཱ་བདག་ཡེས་ར་ཨེལ་གྱི་ཁྲོད། །ལངས་ནས་མ་རུ་གྱུར་པའི་དུས་ཀྱི་བར། །ཡེས་ར་ཨེལ་ཁྲོད་རྗེ་བོའི་རྒྱུན་ཆད་དོ། །
8 ཡེས་ར་ཨེལ་པས་ལྷ་གསར་རྣམས་བདམས་པས། །དམག་འཁྲུག་དོན་ནི་མཁར་གྱི་སྒོ་ཁར་སླེབས། །ཡེས་ར་ཨེལ་གྱི་འབངས་མི་བཞི་ཁྲིའི་ཁྲོད། །ཕུབ་དང་མདུང་ནི་མིག་གིས་མཐོང་མ་ཐུབ། །
9 ང་ཡི་སེམས་ནི་ཡེས་ར་ཨེལ་གྱི་འབངས་མི་རྣམས་ཀྱི་ཁྲོད། །རང་ཉིད་བློས་གཏོང་མོས་པའི་འགོ་དཔོན་རྣམས་ལ་ཕྱོགས། །ཁྱོད་ཚོས་ཡ་ཝཱེ་ཁོང་ལ་བསྟོད་པར་འོས་སོ་ལོ། །
10 བོང༌དཀར་ཞོན་ཞིང་གོས་ཆེན་གདན་ལ་སྡོད་པ་དང་། །ལམ་དུ་བགྲོད་མཁན་ཁྱོད་ཀྱིས་ཁྱབ་བསྒྲགས་བྱེད་པར་འོས། །
11 ཆུ་ལེན་གནས་ཀྱི་སྐད་ཅོར་མདའ་གཞུའི་སྒྲ་ལས་བརྒལ། །མི་ཡིས་ཡ་ཝཱེ་ཁོང་གི་དྲང་བདེན་འཕྲིན་ལས་ཏེ། །ཡེས་ར་ཨེལ་ལ་བདག་སྐྱོང་གནང་བའི་མཛད་པ་བརྗོད། །དུས་དེར་ཡ་ཝཱེའི་འབངས་རྣམས་མཁར་སྒོར་སླེབས་པ་ཡིན། །
12 ཀྱེ་ཀྱེ་དི་བོ་རཱ་ཁྱེད་ཡར་ལ་ལོངས་ཤིག་དང་། །ཁྱེད་རང་ཡར་ལ་ལངས་ནས་གླུ་ཞིག་ལེན་པར་གྱིས། །ཀྱེ་ཀྱེ་ཨ་བི་ནོ་ཨམ་གྱི་བུ་པཱ་རག་ཁྱེད། །ཁྱེད་རང་ཡར་ལ་ལངས་ནས་དགྲ་རྣམས་འཛིན་འོས་སོ། །
13 དུས་དེར་ལྷག་ལུས་རྗེ་དང་འབངས་རྣམས་ལྷན་ཅིག་མར་ཡོང་སྟེ། །ཡ་ཝཱེ་ཁོང་ཉིད་ཕེབས་ཏེ་བདག་གི་ཆེད་དུ་དཔའ་ལ་རྒོལ། །
14 རྩ་བ་ཨ་མཱད་ལེག་ཅེས་བྱ་བའི་ཡུལ་ཡིན་པའི། །ཨེ་ཕཱར་ཡིམ་གྱི་ཁྲོད་ནས་འོངས་པའི་པེན་ཡཱ་མེན། །འབངས་རྣམས་ཁྲོད་ནས་ཁྱེད་ཀྱི་རྗེས་སུ་འབྲངས་པ་འོ། །མངའ་བདག་རྣམས་ནི་མཱ་ཀིར་ཡུལ་ནས་མར་ལ་སླེབས། །ཁྲིམས་དབྱུག་ཐོགས་ནས་འབངས་མིར་ཞིབ་བཤེར་བྱེད་མཁན་རྣམས། །ཟེ་བུ་ལུན་ཞེས་བྱ་བའི་ཡུལ་ནས་མར་ལ་སླེབས། །
15 ཡེས་སི་ཀཱར་གྱི་འགོ་དཔོན་རྣམས་ནི་དི་བོ་རཱ་དང་མཉམ། །ཡེས་སི་ཀཱར་ནི་ཅི་འདྲ་ཡིན་ན་པཱ་རག་དེ་འདྲ་ཡིན། །ཁོ་རྣམས་པཱ་རག་རྗེས་སུ་འབྲངས་ནས་ལུང་པའི་ནང་དུ་བརྒྱུགས། །རུ་བེན་རུས་རྒྱུད་ལས་ནི་བློ་སྟོབས་ལྡན་པའི་མི་རྣམས་ཡོད། །
16 ཁྱོད་རང་ཅིའི་ཕྱིར་ལུག་རའི་ནང་དུ་སྡོད་པ་ཡིན། །ལུག་ཁྱུ་རྣམས་ལ་འབུད་པའི་གླིང་བུར་ཉན་ནམ་ཅི། །རུ་བེན་རྒྱུད་ལས་བློ་སྟོབས་ལྡན་པའི་མི་རྣམས་ཡོད། །
17 གིལ་ཨད་པ་རྣམས་ཡོར་དན་གཙང་པོའི་ཕར་ལ་གནས། །དཱན་གྱི་མི་རྣམས་གནས་སྐབས་གྲུའི་སྟེང་སྡོད་པ་ཅི། །ཨ་ཤེར་པ་རྣམས་མཚོ་ཁར་ལུས་ཤིང་གྲུ་ཁར་བདེ། །
18 ཟེ་བུ་ལུན་ནི་རང་སྲོག་འབེན་ལ་འཇོག་པའི་མི་ཚོགས་ཡིན། །ནཱབ་ཐ་ལི་ཡང་མཐོ་སྒང་ཡུལ་དུ་དེ་དང་དེ་བཞིན་ཡིན། །
19 རྒྱལ་པོ་ཐམས་ཅད་འོངས་ནས་འཐབ་འཛིང་བྱས་པ་ཡིན། །མེ་གིད་དོ་ཡི་ཆུ་བོ་འགྲམ་དུ་གནས་པ་ཡི། །ཐ་ཨ་ནག་ཏུ་ཀ་ན་ཨན་གྱི་རྒྱལ་རྣམས་འཐབ། །འོན་ཀྱང་འཕྲོག་བཅོམ་བྱས་པའི་དངུལ་ནི་མ་རེག་གོ །
20 སྐར་མའི་ཚོགས་ཀྱིས་ནམ་མཁའི་དབྱིངས་ནས་འཐབ་འཛིང་བྱས། །རང་རང་རྒྱུ་སྐར་ལམ་ནས་སི་སེ་རཱ་ལ་རྒོལ། །
21 གནའ་བོའི་ཁི་ཤོན་གཙང་པོས་དགྲ་བོ་རྩ་ནས་ཁུར། །ང་ཡི་སེམས་ནི་སྟོབས་ཤུགས་དང་བཅས་མདུན་དུ་སྐྱོད། །
22 དེའི་དུས་རྟ་མཆོག་རྒོད་པོ་འཕུར་སྐྱོད་མཆོང་རྒྱུག་བྱེད། །དེ་ཚོའི་རྨིག་པས་ས་ལ་རྡོག་རྫིས་བཏང་བ་ཡིན། །
23 ཡ་ཝཱེ་ཁོང་གི་ཕོ་ཉས་འདི་སྐད་དུ། །མེ་རོས་དང་དེའི་ཡུལ་མི་རྣམས་ལ་ནི། །དམོད་མོ་ངན་པ་ཐོངས་ཞེས་བཀའ་བསྩལ་ཏེ། །ཡ་ཝཱེས་སྟོབས་ལྡན་དགྲ་བོར་རྒོལ་བ་ལ། །དེ་རྣམས་ཁོང་གི་རོགས་སུ་མ་འོང་ཕྱིར། །
24 ཀེ་ནེ་པ་ཡི་ཧེ་བེར་གྱི་ཆུང་མ། །ཡ་ཨེལ་བུད་མེད་ཀུན་ལས་བདེ་བ་ཡིན། །གུར་ལ་སྡོད་པའི་བུད་མེད་ལས་ཀྱང་བདེ། །
25 སི་སེ་རཱ་ཡིས་བཏུང་ཆུ་བསླངས་པ་ལ། །ཡ་ཨེལ་གྱིས་ནི་འོ་མ་སྦྱིན་པ་དང་། །རིན་ཆེན་དཀར་ཡོལ་ནང་དུ་ནུ་ཞོ་སྤྲད། །
26 ཡ་ཨེལ་གཡོན་ལག་ལ་ནི་ཕུར་པ་ཐོགས། །གཡས་ལག་ནང་དུ་བཟོ་བའི་ཐོ་བ་བཟུང་། །སི་སེ་རཱ་ལ་བརྡུངས་ཤིང་མགོ་བོ་རྨས། །དེ་ཡི་ཟ་འགྲམ་གཏོར་ནས་བརྟོལ་བ་ཡིན། །
27 སི་སེ་རཱ་ནི་ཁོ་མོའི་རྐང་འོག་འགྱེལ། །ཁོ་མོའི་རྐང་འོག་ཁ་སྦུབ་ལོག་ནས་འགྱེལ། །གང་དུ་འགྱེལ་བའི་གནས་སུ་ཤི་བ་འོ། །
28 སི་སེ་རཱའི་མས་དཀར་ཁུང་ནས་བལྟས་ཤིང་། །དྲ་མིག་བརྒྱབ་ནས་འོ་དོད་འབོད་བཞིན་དུ། །ཁོ་བོའི་ཤིང་རྟ་ཡུན་རིང་འགོར་བ་ཅི། །རྟ་ཡི་གོམ་སྒྲ་མི་ཐོས་ཅི་ཡིན་ཟེར། །
29 མཁས་མཛངས་བཙུན་མོས་ཁོ་མོར་ལན་བཏབ་ཅིང་། །ཁོ་མོས་ཁེར་ལབ་བྱེད་ཀྱིན་འདི་ལྟར་ཞུས། །
30 ཁོ་ཚོར་བཅོམ་ནོར་ཐོབ་སྟེ་བགོས་པ་འམ། །སྐྱེས་པ་རེ་ལ་བུད་མེད་གཅིག་གམ་གཉིས། །སི་སེ་རཱ་ཡི་ཟ་འོག་གོས་ཆེན་ཏེ། །ཟ་འོག་གཙགས་མའི་བཅོམ་ནོར་མ་ཐོབ་བམ། །ཟ་འོག་གོས་ཆེན་ཕྱི་ནང་ཉིས་གཙགས་མ། །འཛིན་བཟུང་ཐེབས་པར་བསྐོན་པ་མ་ཡིན་ནམ། །
31 ཀྱེ་ཀྱེ་ཡ་ཝཱེ་ལགས་ཀྱེ་ཁྱེད་ཉིད་ཀྱི། །དགྲ་བོ་ཐམས་ཅད་དེ་བཞིན་མེད་གྱུར་ཅིག །ཁྱེད་ལ་དགའ་བའི་མི་རྣམས་ཉི་མ་བཞིན། །འོད་སྟོང་འབར་བར་གྱུར་ཅིག་ཅེས་པ་འོ། །དེ་བཞིན་བགྲང་བྱ་བཞི་བཅུའི་རིང་ལ་ཡུལ་དེ་བདེ་བར་གནས་སོ། །