ལེའུ་བརྒྱད་པ།
གིད་ཡོན་ཞེས་པ་མིད་ཡཱན་གྱི་རྒྱལ་པོའི་ར་མདར་བརྒྱུགས་པ།
དེར་ཨེ་ཕཱར་ཡིམ་པ་རྣམས་ཀྱིས་གིད་ཡོན་ལ་འདི་ལྟར། ཁྱོད་རང་མིད་ཡཱན་པ་རྣམས་ལ་འཐབ་འཛིང་བྱེད་དུ་འགྲོ་དུས་ངེད་ཅག་མ་བོས་ཤིང་། ངེད་ཅག་ལ་འདི་ལྟར་བྱེད་དོན་ཅི་ཞེས་སྨྲས་ནས། དེ་རྣམས་ཀྱིས་གིད་ཡོན་དང་ཁ་རྩོད་དྲག་པོ་བྱས། གིད་ཡོན་གྱིས་དེ་རྣམས་ལ་འདི་ལྟར་སྨྲས་པ་སྟེ། བདག་གིས་ཅི་བྱས་པ་ནི་ཁྱོད་རྣམས་ཀྱིས་བྱས་པར་བསྡུར་ནུས་སམ། ཨེ་ཕཱར་ཡིམ་གྱིས་བཏུས་པའི་རྒུན་འབྲུམ་ལྷག་མ་དེ་ཨ་བི་ཨེ་ཟཱེར་གྱིས་བཏོགས་པའི་རྒུན་འབྲུམ་ལས་ལེགས་པ་མ་ཡིན་ནམ། དཀོན་མཆོག་གིས་མིད་ཡཱན་པའི་འགོ་དཔོན་ཨོ་རེབ་དང་ཟེབ་གཉིས་ཁྱོད་ཅག་གི་ལག་ཏུ་སྤྲད་ཅིང་། བདག་གིས་ཅི་བྱས་པ་ནི་ཁྱོད་རྣམས་ཀྱིས་བྱས་པར་བསྡུར་ནུས་སམ་ཞེས་པའོ། །གིད་ཡོན་གྱིས་དེ་སྐད་སྨྲས་པ་དང་ཨེ་ཕཱར་ཡིམ་པ་རྣམས་ཀྱི་ཁོང་ཁྲོ་ཞི་བར་གྱུར་ཏོ། ། གིད་ཡོན་དང་ཁོའི་རྗེས་སུ་འབྲངས་པའི་མི་སུམ་བརྒྱ་བོ་ཡོར་དན་གཙང་པོར་སླེབས་ནས་དེ་བརྒལ་ཞིང་། ཐང་ཆད་ཀྱང་ད་དུང་ར་མདར་བརྒྱུགས། གིད་ཡོན་གྱིས་སོའུ་ཀོད་པ་རྣམས་ལ་འདི་ལྟར་སྨྲས་པ་སྟེ། ངའི་རྗེས་སུ་འབྲངས་པ་རྣམས་ནི་ཐང་ཆད་པས་ཁྱེད་ཀྱིས་ཁོ་ཚོར་བག་ལེབ་གནང་རོགས་ཞུ། ངེད་རྣམས་མིད་ཡཱན་པའི་རྒྱལ་པོ་ཟེ་བཱ་དང་ཚལ་མུན་ནཱ་གཉིས་ཀའི་ར་མདར་རྒྱུག་གིན་ཡོད་ཅེས་པ་ལ། སོའུ་ཀོད་པའི་འགོ་དཔོན་ན་རེ། ཟེ་བཱ་དང་ཚལ་མུན་ནཱ་གཉིས་ཁྱོད་ཀྱི་ལག་ཏུ་ཡོད་པས། ངེད་ཅག་གིས་ཁྱོད་ཀྱི་དམག་ལ་བག་ལེབ་སྟེར་དགོས་པ་ཡིན་ནམ་ཞེས་སྨྲས། གིད་ཡོན་གྱིས་འདི་ལྟར་སྨྲས་པ་སྟེ། དཀོན་མཆོག་ཡ་ཝཱེས་ཟེ་བཱ་དང་ཚལ་མུན་ནཱ་གཉིས་ངའི་ལག་ཏུ་སྤྲད་རྗེས། བདག་གིས་ས་རྒོད་ཀྱི་སྡོང་ཕྲན་ཡལ་ག་དང་ཚེར་མས་ཁྱོད་རྣམས་རྨས་པར་བྱ་ཞེས་པའོ། ། གིད་ཡོན་ཡུལ་དེ་ནས་ཡར་ཕཱ་ནེ་ཨེལ་དུ་ཕྱིན་ཅིང་ཡུལ་དེའི་མི་རྣམས་ལའང་དེ་བཞིན་སྨྲས་པ་ལ། ཕཱ་ནེ་ཨེལ་པ་རྣམས་ཀྱིས་ཀྱང་སོའུ་ཀོད་པ་རྣམས་ཀྱིས་ཁོ་ལ་ཇི་ལྟར་ལན་བཏབ་པ་བཞིན་དུ་སྨྲས། ཁོས་ཕཱ་ནེ་ཨེལ་པ་རྣམས་ལ་འདི་ལྟར་སྨྲས་པ་སྟེ། ང་རང་བདེ་བར་ཕྱིར་ལོག་པའི་དུས་སུ། ངས་ལྕོག་མཁར་འདི་བཤིག་པར་བྱ་ཞེས་པའོ། ། 10 དེའི་དུས་སུ་ཟེ་བཱ་དང་ཚལ་མུན་ནཱ་གཉིས་ཁོ་ཚོའི་རྗེས་སུ་འབྲངས་པའི་དམག་དཔུང་དང་བཅས་ཐམས་ཅད་ཁ་གོར་དུ་གནས་ཤིང་། ཧ་ལམ་མི་ཆིག་ཁྲི་ལྔ་སྟོང་ཙམ་ཡོད་དེ། ཤར་ཕྱོགས་པའི་དམག་མི་ཡོངས་རྫོགས་ལས་ལུས་པའི་གྲངས་ཀ་ཡིན་ལ། རལ་གྲི་ཐོགས་མཁན་ཧ་ལམ་ཁྲི་བཅུ་གཉིས་བསད་པའོ། ། 11 དེ་ནས་གིད་ཡོན་ནི་ནོ་བ་དང་ཡོག་པེ་ཧ་ཡི་ཤར་ཕྱོགས་ནས། གུར་དུ་སྡོད་པ་རྣམས་ཀྱི་ལམ་ཁ་ནས་ཡར་ཕྱིན་ཏེ། མིད་ཡཱན་པའི་དམག་དཔུང་འཇིགས་སྣང་གང་ཡང་མེད་པར་གནས་པས། ཁོས་དེ་རྣམས་ཕམ་པར་བརྒྱབ། 12 ཟེ་བཱ་དང་ཚལ་མུན་ནཱ་གཉིས་བྲོས་ཤིང་། གིད་ཡོན་གྱིས་ཁོ་གཉིས་བདས་ནས། མིད༌ཡཱན་གྱི་རྒྱལ་པོ་ཟེ་བཱ་དང་ཚལ་མུན་ནཱ་གཉིས་བཟུང་ཞིང་། དམག་མི་ཡོངས་རྫོགས་འཇིགས་ནས་འཐོར་དུ་བཅུག 13 ཡོ་ཨ་སིའི་བུ་གིད་ཡོན་ནི་ཧེ་རེ་སི་སྒང་བརྒྱུད་དེ་གཡུལ་ལས་ཕྱིར་ལོག་ཅིང་། 14 སོའུ་ཀོད་པའི་གཞོན་ནུ་ཞིག་བཟུང་སྟེ་ཁོ་ལ་འདི་ལྟར། སོའུ་ཀོད་ཀྱི་འགོ་དཔོན་དང་རྒན་པོ་རྣམས་ནི་སུ་ཡིན་ཞེས་དྲིས་པ་ན། དེས་འགོ་དཔོན་དང་རྒན་པོ་མི་དོན་བདུན་གྱི་མིང་རྣམས་བྲིས། 15 དེ་ནས་གིད་ཡོན་ནི་སོའུ་ཀོད་དུ་སླེབས་ཤིང་དེའི་མི་རྣམས་ལ་འདི་ལྟར། སྔར་ཁྱོད་རྣམས་ཀྱིས་བདག་ལ་འཕྱ་སྨོད་བྱེད་ཀྱིན། ཟེ་བཱ་དང་ཚལ་མུན་ནཱ་གཉིས་ཁྱོད་ཀྱི་ལག་ཏུ་ཡོད་པས། ངེད་ཅག་གིས་ཁྱོད་ཀྱི་རྗེས་སུ་འབྲངས་པའི་ཐང་ཆད་པའི་མི་རྣམས་ལ་བག་ལེབ་སྟེར་དགོས་པ་ཡིན་ནམ་ཞེས་པ་དང་། ད་ནི་ཟེ་བཱ་དང་ཚལ་མུན་ནཱ་གཉིས་འདི་རུ་ཡོད་ཅེས་སྨྲས་ཤིང་། 16 དེ་ནས་དེས་གྲོང་ཁྱེར་དེའི་རྒན་པོ་རྣམས་བཟུང་བ་དང་། ས་རྒོད་ཀྱི་སྡོང་ཕྲན་ཡལ་ག་དང་ཚེར་མས་སོའུ་ཀོད་པ་རྣམས་ལ་ཉེས་རྡུང་བཏང་ངོ་། ། 17 ཡང་ཕཱ་ནེ་ཨེལ་གྱི་ལྕོག་མཁར་བཤིག་ནས་གྲོང་ཁྱེར་དེའི་སྐྱེས་པ་རྣམས་བསད་དོ། ། 18 དེར་གིད་ཡོན་གྱིས་ཟེ་བཱ་དང་ཚལ་མུན་ནཱ་གཉིས་ལ་འདི་ལྟར། ཁྱོད་ཅག་གིས་ཐ་པོར་རི་བོར་བསད་པའི་མི་ནི་ཅི་འདྲ་འདུག་ཅེས་དྲིས་པ་ལ། ལན་དུ། ཁོ་རྣམས་ཁྱེད་དང་མཚུངས་ཤིང་རེ་རེ་རྒྱལ་སྲས་ལྟ་བུ་འདུག་ཅེས་སྨྲས་པ་དང་། 19 ཡང་གིད་ཡོན་ན་རེ། ཁོ་རྣམས་ནི་ངའི་མ་གཅིག་གི་སྤུན་ཡིན། བདག་གིས་རྒྱུན་ནས་རྒྱུན་དུ་གསོན་པོར་བཞུགས་པའི་དཀོན་མཆོག་ཡ་ཝཱེ་དཔང་དུ་བཙུགས་ནས་མནའ་བསྐྱལ་བ་སྟེ། གལ་ཏེ་ཁྱོད་ཅག་གིས་སྔར་ཁོ་རྣམས་ཀྱི་སྲོག་བསྐྱུར་བ་ཡིན་ན། བདག་གིས་ད་ལྟ་ཁྱོད་ཅག་གསོད་པ་མིན་ཞེས་སྨྲས་ཤིང་། 20 ཁོའི་བུ་སྐྱེས་འགོ་ཡེ་ཐེར་ལ། ཁྱོད་ཡར་ལོངས་ལ་ཁོ་རྣམས་སོད་ཅིག་ཅེས་སྨྲས་ནའང་། ཡེ་ཐེར་ནི་ད་དུང་བྱིས་པ་ཡིན་པས་འཇིགས་ནས་རལ་གྲི་ཕྱུང་མ་ཕོད། 21 ཟེ་བཱ་དང་ཚལ་མུན་ནཱ་གཉིས་ན་རེ། ཁྱོད་རང་ཉིད་ལོངས་ལ་ངེད་གཉིས་སོད་ཅིག ཅི་ལ་ཞེ་ན། མི་ཅི་ལྟ་བུ་ཡིན་ན་སྟོབས་ཀྱང་དེ་ལྟར་ཡིན་ཞེས་སྨྲས་པ་དང་། གིད་ཡོན་ཡར་ལངས་ཏེ་ཟེ་བཱ་དང་ཚལ་མུན་ནཱ་གཉིས་བསད་ཅིང་། ཁོ་ཚོའི་རྔ་མོང་རྣམས་ཀྱི་མཇིང་གི་རྒྱན་ཆ་རྣམས་བླངས་སོ། །
གིད་ཡོན་གྱིས་ཨོབ་རཱ་རུ་བེར་ཐུལ་ཞིག་བཟོས་པ།
22 ཡེས་ར་ཨེལ་པ་རྣམས་ཀྱིས་གིད་ཡོན་ལ། ཁྱེད་ཀྱིས་བདག་ཅག་མིད་ཡཱན་པའི་ལག་ནས་བསྐྱབས་ཏེ་ཐར་དུ་བཅུག་པས། ཁྱེད་དང་ཁྱེད་ཀྱི་བུ་རབས་ཚ་རྒྱུད་ཀྱིས་ངེད་རྣམས་ལ་དབང་སྒྱུར་ཅིག་ཅེས་སྨྲས་པ་ལ། 23 གིད་ཡོན་གྱིས་འདི་ལྟར་སྨྲས་པ་སྟེ། བདག་གིས་ཁྱོད་རྣམས་ལ་དབང་སྒྱུར་བར་མི་བྱ་ཞིང་། བདག་གི་བུ་ཡིས་ཀྱང་ཁྱོད་རྣམས་ལ་དབང་སྒྱུར་བར་མི་བྱ་སྟེ། དཀོན་མཆོག་ཡ་ཝཱེ་གཅིག་པུས་ཁྱོད་རྣམས་ལ་དབང་སྒྱུར་བར་འགྱུར་ཞེས་པ་དང་། 24 ཡང་གིད་ཡོན་གྱིས་དེ་རྣམས་ལ་འདི་ལྟར་སྨྲས་པ་སྟེ། བདག་ལ་ཁྱོད་ཅག་ལ་ཞུ་བའི་དོན་ཞིག་ཡོད་དེ། ཁྱོད་རྣམས་མི་རེ་རེས་ཕྲོགས་འོངས་པའི་རྣ་ཏོག་རྣམས་ང་ལ་སྟེར་རོགས་ཞེས་པ་ན། ༼མ་གཞི་དགྲ་བོ་ནི་ཡེས་མ་ཨེལ་པ་ཡིན་ཞིང་ཀུན་པོས་གསེར་གྱི་རྣ་ཏོག་འདོགས་པ་ཡིན་ནོ། །༽ 25 ཡེས་ར་ཨེལ་པ་རྣམས་ཀྱིས་ངེད་ཅག་ཁྱོད་ལ་སྟེར་བར་མོས་པ་ཡིན་ཞེས་སྨྲས་ཤིང་། ཕྱི་གོས་ཤིག་བཏིངས་ནས་མི་རེ་རེས་ཕྲོགས་འོངས་པའི་རྣ་ཏོག་དེའི་སྟེང་དུ་འཕངས་སོ། ། 26 གིད་ཡོན་ལ་ཐོབ་པའི་གསེར་གྱི་རྣ་ཏོག་རྣམས་གྱི་ལྗིད་ཚད་ནི་སྲང་ཆིག་སྟོང་བདུན་བརྒྱ་ཡིན་པ་དང་། དེ་མིན་ད་དུང་མིད༌ཡཱན་རྒྱལ་པོ་རྣམས་ཀྱིས་བཏགས་པའི་རྒྱན་ཆ་དང་རྣ་ཏོག གྱོན་པའི་གོས་རྒྱ་སྨུག ད་དུང་རྔ་མོང་མཇིང་གི་གསེར་ཐག་བཅས་ཡོད་དོ། ། 27 གིད་ཡོན་གྱིས་བེར་ཐུལ་ཞིག་བཟོས་ནས་རང་གི་གྲོང་ཁྱེར་ཨོབ་རཱ་རུ་བསླངས་ཏེ། ཕྱིས་སུ་ཡེས་ར་ཨེལ་པ་རྣམས་ཀྱིས་བེར་ཐུལ་དེ་ལ་ཕྱག་བཙལ་ནས་ལོག་གཡེམ་བྱས་པས། དེ་ནི་གིད་ཡོན་དང་ཁོའི་ཁྱིམ་རྒྱུད་ཀྱི་རྙི་རུ་གྱུར་ཏོ། ། 28 དེ་བཞིན་མིད་ཡཱན་པ་རྣམས་ཡེས་ར་ཨེལ་པ་རྣམས་ཀྱི་མདུན་ནས་བཏུལ་ཞིང་མགོ་ཡར་འདེགས་མ་ཕོད་ལ། གིད་ཡོན་གསོན་པའི་དུས་སུ་བགྲང་བྱ་བཞི་བཅུའི་རིང་ལ་ཡུལ་དེ་བདེ་བར་གནས་སོ། །
གིད་ཡོན་ཚེ་ལས་འདས་པ།
29 ཡོ་ཨ་སིའི་བུ་ཡེ་རུབ་པཱ་ཨལ་*ཕྱིར་སོང་ནས་རང་གི་ཁྱིམ་དུ་གནས། 30 གིད་ཡོན་ལ་ཆུང་མ་མང་པོ་ཡོད་པས་རང་སྐྱེས་ཀྱི་བུ་བདུན་ཅུ་ཡོད་དོ། ། 31 ཁོའི་ཆུན་མ་སི་ཀེམ་དུ་གནས་ཤིང་དེ་ལས་ཀྱང་བུ་ཞིག་སྐྱེས་པ་ལ། གིད་ཡོན་གྱིས་བུ་དེའི་མིང་ལ་ཨ་བི་མེ་ལེག་ཅེས་བཏགས་སོ། ། 32 ཡོ་ཨ་སིའི་བུ་གིད་ཡོན་ལོ་ན་རྒས་ཏེ་ཚེ་ལས་འདས་ཤིང་། ཨ་བི་ཨེ་ཟེར་པ་རྣམས་ཀྱི་ཨོབ་རཱ་ཞེས་པའི་ཡུལ་དུ། རང་གི་ཕ་ཡོ་ཨ་སིའི་དུར་དུ་སྦས་སོ། ། 33 གིད་ཡོན་ཚེ་ལས་འདས་རྗེས། ཡེས་ར་ཨེལ་པ་རྣམས་ཀྱིས་ཡང་བསྐྱར་པཱ་ཨལ་རྣམས་ཀྱི་རྗེས་སུ་འབྲངས་ཏེ་ལོག་གཡེམ་བྱས་ཤིང་། པཱ་ཨལ་པེ་རིད་རང་གི་ལྷ་ཞིག་ཏུ་བཀུར། 34 ཡེས་ར་ཨེལ་པ་རྣམས་ཀྱིས་ཁོ་རྣམས་ཕྱོགས་བཞིའི་དགྲ་བོ་ཐམས་ཅད་ཀྱི་ལག་ནས་ཐར་བར་མཛད་མཁན་ཏེ། ཁོ་ཚོའི་དཀོན་མཆོག་ཡ་ཝཱེ་མ་དྲན་ལ། 35 ཡང་ཡེ་རུབ་པཱ་ཨལ་ཞེས་བྱ་བའི་གིད་ཡོན་གྱིས་ཁོ་རྣམས་ལ་བྱས་པའི་ལས་བཟང་པོ་ཐམས་ཅད་བཞིན། དེའི་ཁྱིམ་རྒྱུད་དྲིན་གྱིས་མ་བསྐྱངས་སོ། །
* ལེའུ་བརྒྱད་པ།:29 ཡེ་རུབ་པཱ་ཨལ་ཞེས་པ་ནི་པཱ་ཨལ་གྱིས་འཐབ་འཛིང་བྱེད་ཅེས་པའི་དོན་ལ་འཇུག་ཅིང་གིད་ཡོན་གྱི་མིང་གཞན་ཡིན།