ལེའུ་བཅུ་གཅིག་པ།
སོ་ལོ་མོན་གྱིས་ཕྱི་ཕྱོགས་ཀྱི་བུད་མེད་བསྟེན་པ།
1 རྒྱལ་པོ་སོ་ལོ་མོན་ནི་ཕཱར་ཨོལ་གྱི་སྲས་མོ་ལ་ཆགས་པར་མ་ཟད། ཕྱི་ཕྱོགས་ཀྱི་བུད་མེད་དེ། མོ་ཨབ་ཀྱི་བུད་མེད་རྣམས་དང་། ཨམ་མོན་གྱི་བུད་མེད་རྣམས། ཨེ་དོམ་གྱི་བུད་མེད་རྣམས། ཚི་ཏུན་གྱི་བུད་མེད་རྣམས། ཧེད་ཀྱི་བུད་མེད་རྣམས་བཅས་ལ་ཡང་ཆགས་པར་གྱུར།
2 མི་རིགས་དེ་རྣམས་ཀྱི་སྐོར་ལ། དཀོན་མཆོག་ཡ་ཝཱེས་སྔར་ཡེས་ར་ཨེལ་པ་རྣམས་ལ། ཁྱོད་ཅག་དེ་དག་དང་འབྲེལ་ནས་གཉེན་སྒྲིག་མ་བྱེད་ཅིག དེ་བཞིན་བྱས་ན་ཁྱོད་ཅག་གི་སེམས་དེ་དག་གི་ལྷའི་ཕྱོགས་སུ་བསླུ་བར་བྱེད་དོ་ཞེས་བཀའ་བསྩལ་ནའང་། སོ་ལོ་མོན་གྱི་སེམས་དེ་དག་ལ་ཤིན་ཏུ་ཆགས་སོ། །
3 ཁོང་ལ་བཙུན་མོ་བདུན་བརྒྱ་ཡོད་པ་ཐམས་ཅད་སྲས་མོ་ཡིན་པ་དང་། ཆུན་མ་སུམ་བརྒྱ་ཡོད་པ་དང་། ཆུང་མ་དེ་རྣམས་ཀྱིས་ཁོའི་སེམས་དཀོན་མཆོག་དང་འབྲལ་དུ་བཅུག་གོ །
4 སོ་ལོ་མོན་སྐུ་ན་བགྲེས་པའི་དུས་སུ། བཙུན་མོ་རྣམས་ཀྱིས་ཁོའི་སེམས་ནི་ཕྱི་པའི་ལྷ་རྣམས་ཀྱི་ཕྱོགས་སུ་བསྒྱུར་བ་དང་། ཁོའི་སེམས་ནི་རང་གི་མེས་པོ་དཱ་བིད་ཀྱི་སེམས་དང་འདྲ་བར་དཀོན་མཆོག་ཡ་ཝཱེ་ལ་ཡོངས་སུ་ཕུལ་མེད་དོ། །
5 སོ་ལོ་མོན་ཁོང་ཉིད་ཚི་ཏུན་པའི་ལྷ་མོ་ཨ་ཤཱ་ཏ་རོད་དང་ཨམ་མོན་པའི་ལྷ་མིལ་ཀོམ་ཞེན་ལོག་དེའི་རྗེས་སུ་འབྲངས་ཏེ།
6 སོ་ལོ་མོན་གྱིས་དཀོན་མཆོག་ཡ་ཝཱེའི་སྤྱན་སྔར་ངན་པ་གང་ཡིན་དེ་སྤྱད་ཅིང་། རང་གི་ཡབ་དཱ་བིད་དང་འདྲ་བར་དཀོན་མཆོག་ཡ་ཝཱེའི་རྗེས་སུ་རྩེ་གཅིག་གིས་མ་འབྲངས་སོ། །
7 དེ་ནས་སོ་ལོ་མོན་གྱིས་མོ་ཨབ་པའི་ཞེན་པ་ལོག་པའི་ལྷ་ཀེ་མོ་སི་དང་། ཨམ་མོན་པའི་ཞེན་པ་ལོག་པའི་ལྷ་མོ་ལེག་གི་ཆེད་དུ་ཡེ་རུ་སཱ་ལེམ་ཤར་ཕྱོགས་ཀྱི་རི་བོར་མཐོ་གླིང་བརྩིགས་སོ། །
8 ཁོང་གིས་ཕྱི་ཕྱོགས་ཀྱི་བུད་མེད་དེ་རང་གི་བཙུན་མོ་ཐམས་ཅད་ཀྱི་ཕྱིར་དེ་ལྟར་བྱས་པ་དང་། དེ་དག་གིས་རང་གི་ལྷ་རྣམས་ཀྱི་དྲུང་དུ་སྤོས་བདུགས་ནས་མཆོད་པའང་ཕུལ་ཏོ། །
9 དཀོན་མཆོག་ཡ་ཝཱེ་ཐེངས་གཉིས་ལ་ཁོང་ལ་མངོན་ནའང་། ཁོང་གི་སེམས་ཡེས་ར་ཨེལ་གྱི་དཀོན་མཆོག་ཡ་ཝཱེ་ལས་ལོག་ལམ་དུ་འཁོར་བའི་རྐྱེན་གྱིས་དཀོན་མཆོག་ཡ་ཝཱེ་ནི་སོ་ལོ་མོན་ལ་ཐུགས་ཁྲོས་པར་གྱུར་ཏོ། །
10 དཀོན་མཆོག་ཡ་ཝཱེས་དེའི་ཆེད་དུ་སྔར་ཁོང་ལ་ལྷ་གཞན་རྣམས་ཀྱི་རྗེས་སུ་འབྲང་མི་ཆོག་པའི་བཀའ་བསྩལ་ཡོད་ཀྱང་། ཁོང་གིས་བཀའ་དེ་མ་བསྲུངས་པ་ཡིན་ནོ། །
11 དེའི་ཕྱིར་དཀོན་མཆོག་ཡ་ཝཱེས་སོ་ལོ་མོན་ལ་འདི་སྐད་དུ། ཁྱོད་ཀྱིས་དེ་ལྟར་སྤྱད་ཅིང་། བདག་གིས་ཁྱོད་ལ་བསྒོས་པའི་བཀའ་རྒྱ་དང་སྒྲིག་ཁྲིམས་རྣམས་མ་བསྲུངས་པའི་རྐྱེན་གྱིས་ཁྱོད་ཀྱི་རྒྱལ་སྲིད་བླངས་ནས་ཁྱོད་ཀྱི་ཞབས་ཕྱི་ཞིག་ལ་སྦྱིན་པར་བྱའོ། །
12 འོན་ཀྱང་ཁྱོད་ཀྱི་ཕ་དཱ་བིད་ཀྱི་དོན་དུ་བདག་གིས་ཁྱོད་ཀྱི་ཚེ་འདིར་དེ་བཞིན་མི་བྱ་སྟེ། ཁྱོད་ཀྱི་བུའི་ལག་ནས་རྒྱལ་སྲིད་ལེན་པར་བྱའོ། །
13 གཞན་ཡང་རྒྱལ་སྲིད་ཐམས་ཅད་ལེན་པར་མི་བྱ། བདག་གི་ཞབས་ཕྱི་དཱ་བིད་ཀྱི་རྐྱེན་དང་། བདག་གིས་བདམས་པའི་ཡེ་རུ་སཱ་ལེམ་གྱི་རྐྱེན་གྱིས་ཚོ་པ་གཅིག་ཁྱོད་ཀྱི་བུ་ལ་སྦྱིན་པར་བྱའོ་ཞེས་གསུངས་སོ། །
སོ་ལོ་མོན་གྱི་དགྲ་ཟླ་གཉིས།
14 དེ་ནས་དཀོན་མཆོག་ཡ་ཝཱེས་ཨེ་དོམ་པ་ཧ་དཱད་བྱ་བ་དེ་སོ་ལོ་མོན་གྱི་དགྲ་རུ་བསླངས་སོ། །དེ་ནི་ཨེ་དོམ་གྱི་རྒྱལ་རྒྱུད་ཡིན།
15 སྔར་དཱ་བིད་ཀྱིས་ཨེ་དོམ་ཕམ་པར་བརྒྱབ་པའི་སྐབས་སུ། དམག་དཔོན་ཡོ་ཨབ་དམག་སར་གྲོངས་པ་རྣམས་དུར་ལ་སྦ་བར་དེ་རུ་ཕྱིན་པའི་ཚེ། ཁོས་ཨེ་དོམ་ཡུལ་གྱི་སྐྱེས་པ་ཐམས་ཅད་བསད།
16 ཨེ་དོམ་གྱི་སྐྱེས་པ་ཐམས་ཅད་ཚར་གཅོད་པའི་བར་དུ། ཡོ་ཨབ་དང་ཡེས་ར་ཨེལ་པ་ཐམས་ཅད་དེར་ཟླ་དྲུག་ལ་བསྡད་དོ། །
17 ཧ་དཱད་ནི་རང་གི་ཕ་ཡི་ཞབས་ཕྱི་ཡིན་པའི་ཨེ་དོམ་པ་ཁ་ཤས་དང་མཉམ་དུ་ཨེ་ཅིབ་ཡུལ་དུ་བྲོས་ཤིང་། དེའི་དུས་སུ་ཧ་དཱད་ནི་བྱིས་པ་ཞིག་ཡིན།
18 དེ་དག་མིད༌ཡཱན་ཡུལ་ནས་ཆས་ཏེ་ཕཱ་རན་དུ་ཕྱིན་པ་དང་། ཡང་ཕཱ་རན་ནས་མི་འགའ་ཞིག་ཁྲིད་ནས་ཨེ་ཅིབ་ཡུལ་གྱི་རྒྱལ་པོ་ཕཱར་ཨོལ་གྱི་དྲུང་དུ་ཕྱིན་པ་ན། ཕཱར་ཨོལ་གྱིས་ཁོ་ལ་ཁང་པ་དང་ཁ་ཟས་དང་། གཞིས་ཀ་བཅས་སྟེར་བར་བསྒོས་སོ། །
19 ཕཱར་ཨོལ་ནི་ཧ་དཱད་ལ་ཤིན་ཏུ་མོས་ཤིང་ཁོས་རང་གི་བཙུན་མོའི་ནུ་མོ་སྟེ། རྒྱལ་མོ་ཐག་ཕེ་ནེ་ཡི་ནུ་མོ་ཁོ་ལ་ཆུང་མར་བྱིན་ཏོ། །
20 དེ་ནས་ཐག་ཕེ་ནེ་ཡི་ནུ་མོས་ཁོ་ལ་བུ་ཞིག་བཙས་ནས། མིང་དུ་རྒེ་ནུ་བཱད་ཅེས་བཏགས་ཏེ། ཐག་ཕེ་ནེ་ཡིས་དེ་ནི་ཕཱར་ཨོལ་གྱི་ཕོ་བྲང་དུ་བསྐྱངས་པ་དང་། རྒེ་ནུ་བཱད་ནི་ཕཱར་ཨོལ་གྱི་ཕོ་བྲང་དུ་ཕཱར་ཨོལ་གྱི་སྲས་རྣམས་དང་ལྷན་དུ་བསྡད།
21 ཕྱིས་སུ་ཧ་དཱད་ཀྱིས་ཨེ་ཅིབ་ཡུལ་དུ་ཡོད་པའི་ཚེ། དཱ་བིད་ནི་རང་གི་ཕ་མེས་རྣམས་དང་ལྷན་ཅིག་ཏུ་གཟིམས་པ་དང་། དམག་དཔོན་ཡོ་ཨབ་ཤི་ཟིན་པར་ཐོས་ནས་ཁོས་ཕཱར་ཨོལ་ལ། བདག་རང་གི་ཡུལ་དུ་འགྲོ་བར་དགོངས་པ་གནང་རོགས་ཞེས་ཞུས་པ་ལ།
22 ཕཱར་ཨོལ་གྱིས་ཁོ་ལ། ཁྱོད་ནི་རང་གི་ཡུལ་དུ་འགྲོ་བར་འདོད་དམ། ངའི་རྩར་ཁྱོད་ལ་མི་འདང་བ་ཅི་ཡོད་ཅེས་དྲིས་པའི་ལན་དུ་ཁོ་ན་རེ། མི་འདང་བ་ཅི་ཡང་མེད། འོན་ཀྱང་བདག་སོང་ཆོག་པའི་དགོངས་པ་ཅི་ནས་ཀྱང་གནང་བར་མཛོད་ཅེས་ཞུས་སོ། །
23 ཡང་དཀོན་མཆོག་གིས་ཨེལ་ཡ་དཱ་ཡི་བུ་རེ་ཟོན་བྱ་བ་དེ་ཡང་སོ་ལོ་མོན་གྱི་དགྲ་རུ་བསླངས་པ་དང་། ཁོ་ནི་རང་ཉིད་ཀྱི་བདག་པོ་སྟེ། ཙོ་བཱ་ཡུལ་གྱི་རྒྱལ་པོ་ཧ་དད་ཨི་སེར་གྱི་དྲུང་ནས་བྲོས་སོང་བ་དེ་ཡིན།
24 དཱ་བིད་ཀྱིས་ཙོ་བཱ་པ་རྣམས་ལ་རྒོལ་བའི་དུས་སུ། རེ་ཟོན་གྱིས་རང་ཉིད་ལ་མི་འགའ་ཞིག་བསྡུས་ཏེ། ཁོ་ནི་ཇག་ཚོགས་ཀྱི་འགོ་དཔོན་དུ་གྱུར་ཅིང་། ཁོ་དཱ་མེ་སེག་ཏུ་སོང་ནས་དེ་རུ་གཞིས་ཕབ་པ་དང་དཱ་མེ་སེག་གི་རྒྱལ་པོ་བྱས་སོ། །
25 སོ་ལོ་མོན་གྱི་སྐུ་རིང་ལ་རེ་ཟོན་ནི་ཡེས་ར་ཨེལ་པ་རྣམས་ཀྱི་དགྲ་རུ་ལངས་པ་དང་། ཁོ་ཡེས་ར་ཨེལ་པ་རྣམས་ལ་སྡང་བར་མ་ཟད་ཨ་རམ་པའི་རྒྱལ་པོར་བསྡད། གཞན་ཡང་ཧ་དཱད་ཀྱིས་ཀྱང་རྒྱུན་ཆད་མེད་པར་གནོད་བསྐྱལ་བའོ། །
ཡེ་རོབ་ཨམ་གྱིས་ཀྱང་སོ་ལོ་མོན་ལ་ངོ་རྒོལ་བྱས་པ།
26 སོ་ལོ་མོན་གྱི་ཞབས་ཕྱིའམ་ནེ་བཱད་ཀྱི་བུ་ཡེ་རོབ་ཨམ་གྱིས་ལག་པ་བཀྱགས་ནས་རྒྱལ་པོར་ངོ་རྒོལ་བྱས་པ་དང་། ཁོ་ནི་ཙེ་རེ་དཱ་ཡུལ་གྱི་ཨེ་ཕཱར་ཡིམ་པ་ཞིག་ཡིན་ཞིང་། ཁོའི་མ་ནི་ཡུགས་མོ་ཞིག་ཡིན་ཏེ་མིང་ལ་ཙེ་རུའུ་ཨ་ཞེས་བྱའོ། །
27 ཁོས་ལག་པ་བཀྱགས་ནས་རྒྱལ་པོར་ངོ་རྒོལ་བྱེད་སྟངས་འདི་ལྟ་སྟེ། སོ་ལོ་མོན་གྱིས་འཛིངས་རགས་བསྐྱར་འཛུགས་བྱེད་དུས་རང་གི་ཡབ་དཱ་བིད་ཀྱི་གྲོང་ཁྱེར་གྱི་ལྕགས་རི་ཞིག་གསོ་བྱས་པ་དང་། །
28 ཡེ་རོབ་ཨམ་ནི་འཇོན་ཐང་ཅན་ཞིག་ཡིན་ལ། གཞོན་ནུ་དེས་བྱ་བ་སྒྲུབ་སྟངས་སོ་ལོ་མོན་གྱིས་མཐོང་ནས། ཁོ་རང་ཡོ་སེབ་ཚང་གི་ལས་ཁག་ཀུན་གྱི་འགོ་དཔོན་དུ་བཅུག་གོ །
29 དེའི་དུས་སུ་ཡེ་རོབ་ཨམ་ནི་ཡེ་རུ་སཱ་ལེམ་ནས་ཕྱི་རོལ་ཏུ་འགྲོ་བའི་ཚེ་ན། ལམ་དུ་ཞི་ལོ་པ་ཨ་ཧི་ཡཱ་བྱ་བའི་ལུང་སྟོན་པ་དེ་དང་ཕྲད། ཨ་ཧི་ཡཱས་གོས་གསར་པ་ཞིག་གྱོན་ཡོད་པ་དང་། ཁོ་གཉིས་གཅིག་པུ་གྲོང་གསེབ་དེར་ཡོད་ལ།
30 ཨ་ཧི་ཡཱས་རང་ལུས་ཀྱི་གོས་གསར་པ་དེ་བཟུང་ནས་བཤགས་པ་དང་དུམ་བུ་བཅུ་གཉིས་སུ་བགོས་ཏེ།
31 ཡེ་རོབ་ཨམ་ལ། དུམ་བུ་བཅུ་ཁྱོད་ཀྱིས་ལོངས་ཤིག ཡེས་ར་ཨེལ་གྱི་དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ལྟོས་ཤིག བདག་གིས་སོ་ལོ་མོན་གྱི་རྒྱལ་སྲིད་ཕྲོགས་ནས་ཚོ་པ་བཅུ་ཁྱོད་ལ་སྦྱིན་པར་བྱའོ། །
32 འོན་ཀྱང་བདག་གི་ཞབས་ཕྱི་དཱ་བིད་དང་། ཡེས་ར་ཨེལ་གྱི་ཚོ་པ་ཀུན་ལས་བདམས་པའི་ཡེ་རུ་སཱ་ལེམ་གྱི་ཆེད་དུ། ཚོ་པ་གཅིག་ནི་སོ་ལོ་མོན་ལ་གཏོགས་པར་བྱའོ། །
33 དེ་དག་གིས་བདག་བསྐྱུར་ཏེ། ཚི་ཏུན་པའི་ལྷ་མོ་ཨ་ཤཱ་ཏ་རོད་དང་མོ་ཨབ་པའི་ལྷ་ཀེ་མོ་སི་དང་། ཨམ་མོན་པའི་ལྷ་མིལ་ཀོམ་བཅས་ལ་ཕྱག་བཙལ་ཏེ། ཁོས་རང་གི་ཡབ་དཱ་བིད་དང་འདྲ་བར་བདག་གི་མཐོང་ངོར་ལས་དྲང་པོ་མ་བྱས་ཤིང་། བདག་གི་སྤྱོད་ལམ་དུ་མ་འགྲུལ་ལ། བདག་གི་སྒྲིག་ཁྲིམས་དང་ཁྲིམས་སྲོལ་རྣམས་མ་བསྲུངས་པས་སོ། །
34 འོན་ཀྱང་བདག་གིས་རྒྱལ་སྲིད་ཐམས་ཅད་ཁོའི་ལག་ནས་ལེན་པར་མི་བྱ་སྟེ། བདག་གིས་བདམས་པའི་ཞབས་ཕྱི་དཱ་བིད་ཀྱིས་བདག་གི་བཀའ་རྒྱ་དང་སྒྲིག་ཁྲིམས་རྣམས་བསྲུངས་པའི་རྐྱེན་གྱིས། བདག་གིས་ཁོ་མི་ཚེ་ཧྲིལ་པོར་སྲིད་དབང་འཛིན་དུ་འཇུག་གོ །
35 བདག་གིས་ཁོའི་བུ་ཡི་ལག་ནས་རྒྱལ་སྲིད་བླངས་ཏེ། ཚོ་པ་བཅུ་ཁྱོད་ལ་སྦྱིན་པར་བྱའོ། །
36 བདག་གི་མིང་འཇོག་པར་བདམས་པའི་གྲོང་ཁྱེར་ཏེ་ཡེ་རུ་སཱ་ལེམ་དུ། ངའི་ཞབས་ཕྱི་དཱ་བིད་ཀྱི་སྒྲོན་མེ་དུས་གཏན་དུ་བདག་གི་མདུན་དུ་སྣང་བའི་ཕྱིར། བདག་གིས་ཚོ་པ་གཅིག་ཁོའི་བུ་ལ་སྦྱིན་པར་བྱའོ། །
37 ཡང་བདག་གིས་ཁྱོད་རང་གདམ་པར་བྱ་ཞིང་ཁྱོད་ཀྱིས་སེམས་ཀྱི་འདོད་པ་བཞིན་དུ་སྲིད་བྱེད་པ་དང་། ཡེས་ར་ཨེལ་གྱི་རྒྱལ་པོར་འགྱུར་རོ། །
38 གལ་ཏེ་ཁྱོད་ཀྱིས་ངས་བསྒོ་བ་ཀུན་ལ་མཉན་ནས། ངའི་ཞབས་ཕྱི་དཱ་བིད་ཀྱིས་བྱས་པ་བཞིན་དུ་ངའི་སྤྱོད་ལམ་དུ་འགྲུལ་ཞིང་། བདག་གི་མཐོང་ངོར་ལས་དྲང་པོ་བྱེད་པ་དང་། བདག་གི་སྒྲིག་ཁྲིམས་དང་བཀའ་རྒྱ་རྣམས་བསྲུངས་ན་བདག་ཁྱོད་དང་མཉམ་དུ་གནས་ཤིང་། དཱ་བིད་ཀྱི་ཕྱིར་རྒྱལ་རབས་མཛད་པ་ལྟར་བདག་གིས་ཁྱོད་ལའང་རྒྱལ་རབས་བརྟན་པོ་ཞིག་མཛད་པར་མ་ཟད། ཡེས་ར་ཨེལ་ཡང་ཁྱོད་ལ་སྤྲོད་པར་བྱའོ། །
39 དེ་བས་ན་བདག་གིས་སོ་ལོ་མོན་གྱི་རྐྱེན་གྱིས་དཱ་བིད་ཀྱི་བུ་རྒྱུད་སྡུག་ལ་སྦྱོར་བར་འགྱུར་མོད། འོན་ཀྱང་རྒྱུན་ནས་རྒྱུན་དུ་དེ་བཞིན་མི་བྱ་གསུངས་ཞེས་སྨྲས་སོ། །
40 དེ་ནས་སོ་ལོ་མོན་གྱིས་ཡེ་རོབ་ཨམ་གསོད་ཐབས་བྱས་ཀྱང་ཡེ་རོབ་ཨམ་ཡར་ལངས་ནས། ཨེ་ཅིབ་རྒྱལ་པོ་ཤི་ཤག་གི་དྲུང་དུ་བྲོས་ཤིང་། སོ་ལོ་མོན་ཚེ་ལས་འདས་པའི་བར་དུ་ཨེ་ཅིབ་ཡུལ་ནས་བསྡད་དོ། །
སོ་ལོ་མོན་ཚེ་ལས་འདས་པ།
41 ཡང་སོ་ལོ་མོན་གྱི་དོན་གཞན་རྣམས་དང་། ཁོང་གིས་མཛད་པའི་བྱ་བ་ཐམས་ཅད་དང་ཁོའི་ཤེས་རབ་སོགས་ནི། སོ་ལོ་མོན་གྱི་མཛད་རྗེས་ཀྱི་མདོ་ཡི་ནང་དུ་བཀོད་ཡོད་པ་མ་ཡིན་ནམ།
42 སོ་ལོ་མོན་གྱིས་ཡེ་རུ་སཱ་ལེམ་དུ་ཡེས་ར་ཨེལ་ཡོངས་ལ་སྲིད་བསྐྱངས་པའི་ལོ་གྲངས་ནི་བཞི་བཅུའོ། །
43 དེ་ནས་སོ་ལོ་མོན་རང་གི་ཕ་མེས་རྣམས་དང་ལྷན་དུ་གཟིམས་པ་དང་། ཡབ་དཱ་བིད་ཀྱི་གྲོང་ཁྱེར་དུ་དུར་ལ་སྦས་སོ། །ཡང་ཁོང་གི་སྲས་རེ་ཧབ་ཨམ་གྱིས་ཁོང་གི་ཚབ་ཏུ་སྲིད་བྱས་པའོ། །