ལེའུ་བཅོ་བརྒྱད་པ།
ཨེ་ལི་ཡཱ་དང་ཞབས་ཕྱི་ཨོ་བད་ཡཱ།
1 དེ་ནས་ཡུན་རིང་འགོར་བ་དང་ལོ་གསུམ་པར་སླེབས་པའི་ཚེ། ཨེ་ལི་ཡཱ་ལ་དཀོན་མཆོག་ཡ་ཝཱེའི་བཀའ་བྱུང་སྟེ་འདི་སྐད་དུ། ཁྱོད་རང་ཨ་ཧབ་ཀྱི་མདུན་དུ་སོང་ཞིག་དང་། ངས་ས་གཞི་ལ་ཆར་འབབ་པར་བྱའོ་ཞེས་གསུངས་པས།
2 ཨེ་ལི་ཡཱ་ནི་ཨ་ཧབ་ཀྱི་མདུན་དུ་སོང་བ་དང་། སྐབས་དེར་སཱ་མར་ཡ་རུ་མུ་གེ་ཆེན་པོ་བྱུང་བ་རེད།
3 ཨ་ཧབ་ཀྱིས་རང་གི་ནང་བློན་ཨོ་བད་ཡཱ་བྱ་བ་བོས་ཤིང་། ཨོ་བད་ཡཱ་ནི་དཀོན་མཆོག་ཡ་ཝཱེ་ལ་ཤིན་ཏུ་གུས་ཤིང་འཇིགས་པ་ཞིག་ཡིན་ཏེ།
4 ཡེ་ཟི་བེལ་གྱིས་དཀོན་མཆོག་ཡ་ཝཱེའི་ལུང་སྟོན་པ་རྣམས་གསོད་པའི་ཚེ། ཨོ་བད་ཡཱས་ལུང་སྟོན་པ་བརྒྱ་ཁྲིད་དེ་ལྔ་བཅུ་ལྔ་བཅུ་བྱས་ནས་བྲག་ཁུང་ནང་དུ་སྦས་ཤིང་། དེ་རྣམས་བག་ལེབ་དང་ཆུ་ཡིས་གསོས་སོ། །
5 ཨ་ཧབ་ཀྱིས་ཨོ་བད་ཡཱ་ལ། ཁྱོད་རང་ཡུལ་འདིའི་ཆུ་མིག་དང་ཆུ་བོ་ཡོད་ཚད་དུ་སོང་ལ་ལྟོས་ཤིག རྟ་དྲེལ་རྣམས་ཀྱི་སྲོག་བསྐྱབས་ནས་ཕྱུགས་རྣམས་མེད་པར་མི་འགྱུར་བའི་ཕྱིར་དུ། རང་ཅག་གིས་རྩྭ་སྔོན་རྙེད་ཀྱང་སྲིད་ཅེས་སྨྲས་པས།
6 ཁོ་རྣམས་ཡུལ་ཐམས་ཅད་ལ་ཉུལ་བར་ས་ཕྱོགས་གཉིས་སུ་བགོས་ནས། ཕྱོགས་གཅིག་ཏུ་ཨ་ཧབ་གཅིག་པུ་སོང་བ་དང་། ཕྱོགས་ཅིག་ཤོས་སུ་ཨོ་བད་ཡཱ་གཅིག་པུ་སོང་།
7 དེ་ནས་ཨོ་བད་ཡཱ་ལམ་དུ་སྐྱོད་པའི་ཚེ་ན། ཨེ་ལི་ཡཱ་ཁོ་དང་ཕྲད་ཅིང་། ཨོ་བད་ཡཱས་ཁོང་ངོ་ཟིན་ནས་གདོང་ས་རུ་གཏད་དེ་ན་རེ། ཁྱེད་རང་དངོས་གནས་ང་ཡི་ཇོ་བོ་ཨེ་ལི་ཡཱ་ཡིན་ནམ་ཞེས་ཞུས་པར།
8 ཨེ་ལི་ཡཱ་ཡིས་ལན་དུ་ང་རང་ཡིན། ཁྱོད་སོང་ལ་རང་གི་བདག་པོ་དེར། ཀྱེ་ཧོ་ཨེ་ལི་ཡཱ་འདི་རུ་འདུག་ཅེས་ཤོད་ཅིག་ཅེས་བསྒོས་པ་དང་།
9 ཨོ་བད་ཡཱ་ན་རེ། ངས་ཉེས་པ་ཅི་ཞིག་བྱས་སམ། ཁྱེད་ཀྱིས་ཞབས་ཕྱི་བདག་སྲོག་དང་ཕྲལ་དུ་ཨ་ཧབ་ཀྱི་ལག་ཏུ་སྤྲོད་པར་བྱའམ།
10 ངས་ཁྱེད་ཀྱི་གཏན་དུ་བཞུགས་པའི་དཀོན་མཆོག་ཡ་ཝཱེ་དཔང་དུ་བཙུགས་ནས་མནའ་བསྐྱལ་བ་ཡིན། མི་རིགས་དང་རྒྱལ་ཁམས་མཐའ་དག་ལས་ངའི་བདག་པོས་ཁྱེད་རང་འཚོལ་དུ་མ་བཏང་ས་གཅིག་ཀྱང་ལུས་མེད། ཡང་མི་རྣམས་ཀྱིས་ཁྱེད་རང་དེ་རུ་མེད་ཅེས་སྨྲས་པ་ཙམ་གྱིས་ཁོས་མི་སྡེ་དང་རྒྱལ་ཁམས་དེ་ལ་ཁྱེད་རང་དངོས་གནས་མ་རྙེད་པའི་མནའ་སྐྱེལ་དུ་བཅུག་པ་ཡིན།
11 ད་ནི་ཁྱེད་ཀྱིས་ང་ལ། ཁྱོད་སོང་ལ་རང་གི་བདག་པོར་ཨེ་ལི་ཡཱ་འདི་རུ་ཡོད་ཅེས་ཤོད་ཅིག་ཅེས་གསུངས་བྱུང་།
12 དེ་ནས་བདག་ཁྱེད་དང་ཁ་བྲལ་མ་ཐག་དཀོན་མཆོག་ཡ་ཝཱེའི་ཐུགས་ཉིད་ཀྱིས་ཁྱེད་ནི་བདག་ལ་རྒྱུས་མེད་པའི་གནས་སུ་འཁྱེར་བར་འགྱུར། ཡང་བདག་སོང་ནས་ཨ་ཧབ་ལ་སྨྲས་ཚེ། ཁོས་ཁྱེད་ཉིད་མ་རྙེད་ན་བདག་གསོད་ངེས་ཡིན། འོན་ཀྱང་ཁྱེད་ཀྱི་ཞབས་ཕྱི་བདག་ནི་ཆུང་དུས་ནས་དཀོན་མཆོག་ཡ་ཝཱེ་ལ་གུས་ཤིང་འཇིགས་པ་ཞིག་ཡིན་ཏེ།
13 ཡེ་ཟི་བེལ་གྱིས་དཀོན་མཆོག་ཡ་ཝཱེའི་ལུང་སྟོན་པ་རྣམས་འགུམ་པའི་དུས་སུ། ངས་ཇི་ལྟར་དཀོན་མཆོག་ཡ་ཝཱེའི་ལུང་སྟོན་པ་མི་བརྒྱ་ནི་ལྔ་བཅུ་ལྔ་བཅུ་བྱས་ཏེ་བྲག་ཁུང་ནང་དུ་སྦས་ནས། དེ་དག་བག་ལེབ་དང་ཆུ་ཡིས་གསོས་པའི་གཏམ་དེ་ངའི་བདག་པོ་ཁྱེད་ལ་སུས་ཀྱང་མ་སྨྲས་སམ།
14 ད་ལྟ་ཁྱེད་ཀྱིས། ཁྱོད་སོང་ལ་རང་གི་བདག་པོར་ཨེ་ལི་ཡཱ་འདི་རུ་ཡོད་ཅེས་ཤོད་ཅིག་ཅེས་གསུངས། ཁོས་ང་གསོད་པར་འགྱུར་ངེས་ཞེས་ཞུས་པ་ན།
15 ཨེ་ལི་ཡཱ་ན་རེ། ངས་རང་གིས་ཞབས་ཏོག་སྒྲུབ་པ་དང་གཏན་དུ་བཞུགས་པའི་དཀོན་མཆོག་སྟེ། དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེ་དཔང་དུ་བཙུགས་ནས་མནའ་བསྐྱལ་བ་ཡིན། དེ་རིང་ཉིན་མོར་ང་ཨ་ཧབ་ཀྱི་མདུན་དུ་སླེབས་ངེས་ཡིན་ཞེས་གསུངས་སོ། །
ཨེ་ལི་ཡཱ་འགྲན་བསྡུར་ལས་རྒྱལ་བ།
16 དེ་ནས་ཨོ་བད་ཡཱ་ནི་ཨ་ཧབ་ཀྱི་མདུན་དུ་ཕྱིན་ཅིང་དོན་དེ་ཁོ་ལ་སྨྲས་པ་དང་། ཨ་ཧབ་ནི་ཨེ་ལི་ཡཱ་དང་འཕྲད་དུ་འོངས་པ་སྟེ།
17 ཁོས་ཨེ་ལི་ཡཱ་མཐོང་མ་ཐག་ཏུ་ན་རེ། ཡེས་ར་ཨེལ་ལ་གནོད་པ་བྱེད་མཁན་དེ་ཁྱོད་རང་མ་ཡིན་ནམ་ཞེས་སྨྲས་པ་དང་།
18 ཨེ་ལི་ཡཱས་ལན་དུ། ཡེས་ར་ཨེལ་ལ་གནོད་པ་བྱེད་མཁན་ནི་ང་མིན་ཏེ། ཁྱོད་དང་ཁྱོད་ཀྱི་ཕ་མེས་ཀྱི་ཁྱིམ་རྒྱུད་ཡིན་ནོ། །ཁྱོད་ཅག་གིས་དཀོན་མཆོག་ཡ་ཝཱེའི་བཀའ་རྒྱ་རྣམས་སྤངས་ཏེ་པཱ་ཨལ་རྣམས་ཀྱི་རྗེས་སུ་འབྲངས་པས་སོ། །
19 ད་ལྟ་ཁྱོད་ཀྱིས་བང་ཆེན་བཏང་ནས་ཡེས་ར་ཨེལ་པ་ཐམས་ཅད་དང་། པཱ་ཨལ་གྱི་ལུང་སྟོན་པ་བཞི་བརྒྱ་ལྔ་བཅུ་དང་། ཡེ་ཟི་བེལ་གྱི་གསོལ་ལྕོག་ལས་ཁ་ཟས་སྤྱོད་པའི་ལྷ་མོ་ཨ་ཤེ་རཱ་ཡི་ལུང་སྟོན་པ་བཞི་བརྒྱ་བཅས་ནི་ངའི་མདུན་དུ་ཀར་མེལ་རི་བོ་རུ་བསྡུས་ཤོག་ཅེས་སྨྲས་པ་ལ།
20 ཨ་ཧབ་ཀྱིས་བང་ཆེན་བཏང་ནས་ཡེས་ར་ཨེལ་པ་ཐམས་ཅད་དང་ལུང་སྟོན་པ་རྣམས་ཀར་མེལ་རི་བོར་བསྡུས་སོ། །
21 དེར་ཨེ་ལི་ཡཱ་མི་ཐམས་ཅད་ཀྱི་མདུན་དུ་བྱོན་ཏེ་དེ་དག་ལ། ཁྱོད་རྣམས་བློ་གཉིས་འགལ་བྱས་ནས་དུས་ནམ་ཞིག་གི་བར་དུ་སྡོད་པར་བྱའམ། གལ་ཏེ་དཀོན་མཆོག་ཡ་ཝཱེ་ནི་དཀོན་མཆོག་ལགས་ན། ཁྱོད་རྣམས་ཁོང་གི་རྗེས་སུ་འབྲོངས་ཤིག གལ་ཏེ་པཱ་ཨལ་དཀོན་མཆོག་ཡིན་ན། ཁྱོད་རྣམས་དེའི་རྗེས་སུ་འབྲོངས་ཤིག་ཅེས་བསྐུལ་ནའང་། མི་ཚོགས་ཀྱིས་ལན་དུ་ཚིག་གཅིག་ཀྱང་མ་སྨྲས་སོ། །
22 དེ་ནས་ཨེ་ལི་ཡཱས་མི་ཚོགས་ལ། དཀོན་མཆོག་ཡ་ཝཱེའི་ལུང་སྟོན་པ་རྣམས་ལས་ང་རང་གཅིག་པུ་ལས་ལུས་མེད་ཀྱང་། པཱ་ཨལ་གྱི་ལུང་སྟོན་པ་ནི་བཞི་བརྒྱ་དང་ལྔ་བཅུ་ཡོད།
23 ད་ལྟ་ངེད་ཅག་ལ་གླང་ཐུག་གཉིས་བྱིན་ཅིག་དང་། པཱ་ཨལ་གྱི་ལུང་སྟོན་པ་རྣམས་ལ་གླང་ཐུག་གཅིག་འདེམས་སུ་ཆུག་ལ་དེ་དུམ་བུར་བྱས་ཏེ་བུད་ཤིང་གི་སྟེང་ལ་ཞོག་ཅིག འོན་ཀྱང་མེ་མི་གཏོང་བར་གྱིས། བདག་གིས་ཀྱང་གླང་ཐུག་ཅིག་བཤས་ཏེ། བུད་ཤིང་གི་སྟེང་དུ་བཞག་ནས་མེ་གཏོང་བར་མི་བྱ།
24 ཁྱོད་རྣམས་ཀྱིས་ཁྱོད་ཅག་གི་ལྷ་རྣམས་ཀྱི་མིང་ལ་འོ་དོད་བོས་ཤིག བདག་གིས་དཀོན་མཆོག་ཡ་ཝཱེའི་མཚན་ལ་འོ་དོད་འབོད་པར་བྱ། དཀོན་མཆོག་སུ་ཡིས་མེ་ཡི་སྒོ་ནས་ལན་བཏབ་ན་དེ་ནི་དཀོན་མཆོག་ཏུ་འཛིན་པར་བྱའོ་ཞེས་སྨྲས་པ་ལ། མི་ཚོགས་ཀྱིས་ལེགས་སོ་ཞེས་ལན་བཏབ།
25 ཨེ་ལི་ཡཱ་ཡིས་པཱ་ཨལ་གྱི་ལུང་སྟོན་པ་རྣམས་ལ། ཁྱོད་ཅག་མི་མང་པོ་ཡོད་པས་ཁྱོད་ཅག་གིས་རང་གི་ཕྱིར་གླང་ཐུག་ཅིག་འདེམས་པར་གྱིས་ཤིག དེ་གྲ་སྒྲིག་བྱས་རྗེས་རང་གི་ལྷ་ཡི་མིང་ལ་འོ་དོད་བོས་ཤིག འོན་ཀྱང་དེ་ལ་མེ་མི་གཏོང་བར་གྱིས་ཞེས་སྨྲས་པར།
26 དེ་དག་གིས་རང་ལ་སྤྲད་པའི་གླང་ཐུག་དེ་ཁྲིད་འོངས་ནས་གྲ་སྒྲིག་བྱས་ཤིང་། ཞོགས་པ་ནས་ཉིན་གུང་གི་བར་དུ་པཱ་ཨལ་གྱི་མིང་ལ་འོ་དོད་བོས་ནས། ཀྱེ་པཱ་ཨལ། ངེད་ཅག་ལ་གསན་པར་མཛོད་ཅིག་ཅེས་ཞུས་ཀྱང་། སྐད་སྒྲ་ཅི་ཡང་མ་བྱུང་ལ་ལན་ཡང་མ་བྱུང་བས། དེ་དག་གིས་རང་གིས་བཟོས་པའི་མཆོད་ཁྲིའི་མཐའ་སྐོར་ནས་གར་འཆམས་པ་རེད།
27 དེ་ནས་ཉིན་གུང་གི་དུས་སུ་ཨེ་ལི་ཡཱས་དེ་དག་ལ་འཕྱ་བཞིན་དུ། སྐད་ཆེན་པོས་འོ་དོད་བོས་ཤིག ཁོ་ནི་ལྷ་ཞིག་ཡིན་པས། ཐུགས་གཞིགས་ཟབ་མོ་གཏོང་གིན་ཡོད་དམ། བྲེལ་བ་ཆེའམ། བྱེས་སུ་ཡོད་དམ། གཉིད་ལ་ཡུར་བ་དང་གཉིད་ལས་དཀྲོག་དགོས་པ་ཡིན་ནམ་ཞེས་སྨྲས་པས།
28 དེ་དག་གིས་སྐད་ཆེན་པོས་འོ་དོད་བོས་ཤིང་། རང་གི་ལུགས་ལྟར་རང་རང་གི་ལུས་སྟེང་ནས་ཁྲག་བཞུར་བའི་བར་དུ། རང་གིས་རང་ལ་གྲི་དང་མདུང་གིས་གཙགས།
29 ཉིན་གུང་ཡོལ་ནས་དགོང་མོའི་མཆོད་པ་འབུལ་བའི་བར་དུ་ཁོ་ཚོས་སྨྱོ་སྐད་བརྒྱབ་ནས་བསྡད་ཀྱང་། སྐད་སྒྲ་ཅི་ཡང་མ་བྱུང་ལ་ལན་ཡང་མ་བྱུང་། སྣང་འཇོག་བྱེད་མཁན་ཞིག་ཀྱང་མ་བྱུང་ངོ་། །
30 དེ་ནས་ཨེ་ལི་ཡཱས་མི་ཚོགས་ལ། ཁྱོད་རྣམས་ངའི་མདུན་དུ་ཤོག་ཅིག་ཅེས་སྨྲས་པ་ལ། མི་ཚོགས་རྣམས་ཁོའི་མདུན་དུ་འོངས་པ་དང་། ཁོང་གིས་དཀོན་མཆོག་ཡ་ཝཱེའི་མཆོད་ཁྲི་ཞིག་རལ་དུ་གྱུར་པ་དེ་སླར་གསོ་བྱས།
31 དཀོན་མཆོག་ཡ་ཝཱེས་དེ་སྔར་ཡ་ཀོབ་ལ། ཁྱོད་ཀྱི་མིང་ལ་ཡེས་ར་ཨེལ་ཞེས་འབོད་པར་འགྱུར་རོ་ཞེས་བཀའ་གནང་བ་བཞིན་དུ། ཨེ་ལི་ཡཱས་ཡ་ཀོབ་ཀྱི་བུ་རབས་ཚ་རྒྱུད་ཀྱི་ཚོ་པ་རྣམས་ཀྱི་གྲངས་ཀ་བཞིན་དུ་རྡོ་བཅུ་གཉིས་བླངས་པ་དང་།
32 དཀོན་མཆོག་ཡ་ཝཱེའི་མཚན་ལ་བརྟེན་ནས་རྡོ་དེ་རྣམས་ཀྱིས་མཆོད་ཁྲི་ཞིག་བརྩིགས་ཏེ། མཆོད་ཁྲིའི་མཐའ་འཁོར་དུ་འབྲུ་བྲེ་གཉིས་ཤོང་བའི་འོབས་དོང་བྲུས་ཤིང་།
33 བུད་ཤིང་རྣམས་བསྒྲིགས་པ་དང་། ཡང་གླང་ཐུག་དེ་དུམ་བུར་གཏུབ་ནས་བུད་ཤིང་གི་སྟེང་དུ་བཞག་ནས་དེ་དག་ལ། རྫ་བུམ་བཞི་ཆུས་བཀང་བར་བྱས་ནས། སྦྱིན་སྲེག་གི་མཆོད་པ་དང་བུད་ཤིང་རྣམས་ཀྱི་སྟེང་དུ་བླུགས་ཤིག་ཅེས་བསྒོས་སོ། །
34 ཡང་ཁོང་ན་རེ། ལན་གཉིས་པར་དེ་ལྟར་གྱིས་ཤིག་ཅེས་བསྒོས་པར། དེ་དག་གིས་ལན་གཉིས་པར་དེ་ལྟར་བྱས། ཡང་ཁོང་ན་རེ། ལན་གསུམ་པར་དེ་ལྟར་གྱིས་ཤིག་ཅེས་བསྒོས་པར། དེ་དག་གིས་ལན་གསུམ་པར་དེ་ལྟར་བྱས་པ་དང་།
35 མཆོད་ཁྲིའི་མཐའ་འཁོར་དུ་ཆུ་བཞུར་ཅིང་འོབས་དོང་དེ་ཡང་ཆུས་ཁེངས་པར་གྱུར་ཏོ། །
36 དགོང་མོའི་མཆོད་པ་འབུལ་བའི་དུས་སུ། ལུང་སྟོན་པ་ཨེ་ལི་ཡཱ་མདུན་དུ་འོངས་ནས། ཀྱེ་དཀོན་མཆོག་ཡ་ཝཱེ་ལགས། ཨབ་ར་ཧམ་དང་། ཨི་སཱག་དང་། ཡེས་ར་ཨེལ་ཀྱི་དཀོན་མཆོག་ལགས། དེ་རིང་ཉིན་མོར། ཁྱེད་ཉིད་ཡེས་ར་ཨེལ་གྱི་དཀོན་མཆོག་ཡིན་ལ། བདག་ནི་ཁྱེད་ཀྱི་ཞབས་ཕྱི་ཡིན་པ་དང་། ཁྱེད་ཀྱི་བཀའ་བཞིན་དུ་འདི་བཞིན་བྱེད་པ་དེ་མངོན་པར་མཛོད་ཅིག
37 ཀྱེ་དཀོན་མཆོག་ཡ་ཝཱེ་ལགས། ཁྱེད་ཀྱིས་བདག་ལ་ལན་གནང་རོགས། བདག་ལ་ལན་གནང་ནས་མི་རིགས་འདི་ལ་ཁྱེད་ནི་དཀོན་མཆོག་ཡ་ཝཱེ་ཡིན་པ་དང་། ཁྱེད་ཀྱིས་མི་འདི་རྣམས་ཀྱི་སེམས་ཕྱིར་འཁོར་དུ་བཅུག་པ་ཁོ་རྣམས་ལ་ཤེས་པར་མཛད་དུ་གསོལ་ཞེས་ཞུས་པ་ལ།
38 དཀོན་མཆོག་ཡ་ཝཱེས་མེ་ཕབ་ནས་སྦྱིན་སྲེག་གི་མཆོད་པ་དང་། བུད་ཤིང་དང་། རྡོ་དང་། ས་བཅས་ཐམས་ཅད་འགེམས་ཏེ། འོབས་དོང་གི་ནང་དུ་ཡོད་པའི་ཆུ་ཡང་ཐག་པར་བྱས་སོ། །
39 མི་ཚོགས་ཀྱིས་དེ་མཐོང་བ་ཙམ་གྱིས་གདོང་ས་རུ་གཏད་དེ། དཀོན་མཆོག་ཡ་ཝཱེ་ནི་དཀོན་མཆོག་གོ །དཀོན་མཆོག་ཡ་ཝཱེ་ནི་དཀོན་མཆོག་གོ་ཞེས་ཞུས་སོ། །
40 དེ་ནས་ཨེ་ལི་ཡཱས་ཁོ་རྣམས་ལ། པཱ་ཨལ་གྱི་ལུང་སྟོན་པ་རྣམས་བཟུང་ལ། དེ་རྣམས་ལས་གཅིག་ཀྱང་འཆོར་དུ་མ་འཇུག་ཅེས་སྨྲས་པར། མི་ཚོགས་ཀྱིས་དེ་རྣམས་བཟུང་བ་དང་། ཨེ་ལི་ཡཱས་དེ་རྣམས་ཁི་ཤོན་ཆུ་བོའི་འགྲམ་དུ་ཁྲིད་ནས་དེ་རུ་བསད་དོ། །
41 ཡང་ཨེ་ལི་ཡཱས་ཨ་ཧབ་ལ། ངས་ཆར་བ་ཆེན་པོའི་སྐད་སྒྲ་ཐོས་པས། ཁྱོད་ཡར་སོང་ལ་བཟའ་བཏུང་སྤྱོད་ཅིག་ཅེས་སྨྲས་པར།
42 ཨ་ཧབ་ཡར་སོང་ནས་བཟའ་བཏུང་སྤྱད་པ་དང་། ཨེ་ལི་ཡཱ་ནི་ཀར་མེལ་རི་བོའི་རྩེ་རུ་འཛེགས་ནས་པུས་མོ་སར་བཙུགས་ཏེ་པུས་མོ་གཉིས་ཀྱི་བར་ལ་མགོ་བཞག་ནས།
43 རང་གི་ཞབས་ཕྱི་ན་རེ། ཁྱོད་ཡར་སོང་ལ་རྒྱ་མཚོའི་ཕྱོགས་སུ་ལྟོས་ཤིག་ཅེས་བསྒོས་པ་དང་། ཁོ་ཡར་སོང་ནས་བལྟས་ཏེ། ཅི་ཡང་མི་འདུག་ཅེས་ཞུས། ཡང་ཨེ་ལི་ཡཱ་ཡིས་ཁྱོད་ཕྱིར་སོང་ལ་ལྟོས་ཤིག་ཅེས་སྨྲས་ཤིང་ཐེངས་བདུན་ལ་དེ་བཞིན་བསྒོས།
44 དེ་ནས་ཐེངས་བདུན་པ་ལ་ཞབས་ཕྱི་ན་རེ། ཀྱེ་ཧོ། ངས་མི་ཡི་ལག་མཐིལ་ལྟ་བུའི་སྤྲིན་ཕུང་ཞིག་རྒྱ་མཚོ་ནས་ཡར་འཕྱུར་བ་མཐོང་བྱུང་ཞེས་ཞུས་པ་དང་། ཨེ་ལི་ཡཱ་ན་རེ། ཁྱོད་ཡར་སོང་ནས་ཨ་ཧབ་ལ། ཤིང་རྟ་གྲ་སྒྲིག་བྱོས་ལ་མར་སོང་ཞིག དེ་ལྟར་མ་བྱས་ཚེ་དྲག་ཆར་གྱིས་ཁྱོད་འགོག་པར་འགྱུར་ཞེས་སྨྲོས་ཤིག་ཅེས་བསྒོས་པའོ། །
45 དེ་ནས་ཡུན་ཙམ་གྱིས་སྤྲིན་དང་རླུང་གིས་ནམ་མཁའ་ནག་པོར་གྱུར་ནས་དྲག་ཆར་བབས་པ་དང་། ཨ་ཧབ་ཤིང་རྟར་བསྡད་དེ་ཡེ་སི་རེ་ཨེལ་དུ་སོང་ཞིང་།
46 དཀོན་མཆོག་ཡ་ཝཱེའི་ནུས་མཐུ་ཨེ་ལི་ཡཱའི་སྟེང་དུ་བབས་པ་དང་། ཁོང་གིས་སྐ་རགས་བཅིངས་ནས་ཨ་ཧབ་ཀྱི་སྔོན་དུ་རྒྱུགས་ཏེ་ཡེ་སི་རེ་ཨེལ་གྱི་བར་དུ་སླེབས་སོ། །