ལེའུ་ཉི་ཤུ་པ།
རྒྱལ་པོ་པེན་ཧ་དཱད་ཀྱིས་སཱ་མར་ཡ་ལ་དམག་དྲངས་པ།
1 དེ་ནས་ཨ་རམ་གྱི་རྒྱལ་པོ་པེན་ཧ་དཱད་ཀྱིས་རང་གི་དམག་དཔུང་ཡོད་ཚད་བསྡུས་པ་དང་། རྒྱལ་པོ་སུམ་ཅུ་སོ་གཉིས་ཁོ་དང་མཉམ་དུ་ཡོད་ཅིང་། རྟ་དང་ཤིང་རྟ་བཅས་ཡར་སོང་སྟེ་སཱ་མར་ཡ་བསྐོར་ནས་དེར་དམག་བརྒྱབ་བོ། །
2 པེན་ཧ་དཱད་ཀྱིས་གྲོང་ཁྱེར་དེའི་ཡེས་ར་ཨེལ་གྱི་རྒྱལ་པོ་ཨ་ཧབ་ཀྱི་དྲུང་དུ་བང་ཆེན་མངགས་ཏེ་འདི་ལྟར། པེན་ཧ་དཱད་ཀྱིས་ཁྱོད་ལ་ན་རེ།
3 ཁྱོད་ཀྱི་དངུལ་དང་གསེར་ཡོད་ཚད་ངའི་ཡིན་ལ། ཁྱོད་ཀྱི་བཙུན་མོ་རྣམས་དང་དར་ལ་བབས་པའི་བུ་དང་བུ་མོ་རྣམས་ཀྱང་ངའི་ཡིན་གསུངས་ཞེས་སྨྲས་པ་ལ།
4 ཡེས་ར་ཨེལ་གྱི་རྒྱལ་པོས་དེའི་ལན་དུ། ཀྱེ་ངའི་ཇོ་བོ་དང་ངའི་རྒྱལ་པོ་ལགས། ཁྱེད་ཀྱི་བཀའ་བཞིན་དུ་ང་དང་ང་ལ་གཏོགས་པ་ཐམས་ཅད་ཁྱེད་ཀྱི་ཡིན་ཞེས་སྨྲས་པ་དང་།
5 བང་ཆེན་དེ་དག་སླར་འོངས་ནས་ཁོ་ལ། པེན་ཧ་དཱད་ཀྱིས་འདི་ལྟར། བདག་གིས་དེ་སྔར་མི་མངགས་ནས་ཁྱོད་ལ། ཁྱོད་ཀྱིས་རང་གི་དངུལ་དང་གསེར་དང་། བཙུན་མོ་དང་བུ་བུ་མོ་རྣམས་ངའི་ལག་ཏུ་སྤྲོད་ཅིག་ཅེས་འཕྲིན་བསྐུར་བ་ཡིན།
6 སང་ཉིན་དུས་འདི་ཙམ་ལ་ངས་རང་གི་འཁོར་གཡོག་རྣམས་ཁྱོད་ཀྱི་རྩར་གཏོང་བར་བྱ། དེ་དག་གིས་ཁྱོད་ཀྱི་རྒྱལ་པོའི་ཕོ་བྲང་དང་། ཁྱོད་ཀྱི་འཁོར་གཡོག་རྣམས་ཀྱི་ཁྱིམ་ནང་སྔོག་བཤེར་བྱ་ཞིང་། ཁོ་ཚོས་རིན་ཐང་ཆེ་བར་བསམ་པ་ཐམས་ཅད་བླངས་ནས་འཁྱེར་བར་འགྱུར་རོ་གསུངས་ཞེས་སྨྲས།
7 དེར་ཡེས་ར་ཨེལ་གྱི་རྒྱལ་པོས་ཡུལ་དེའི་རྒན་པོ་ཐམས་ཅད་བོས་ནས་དེ་དག་ལ། ཁྱེད་རྣམ་པས་སོམས་ཤིག མི་འདིས་དཀྲུག་ཤིང་འཕེན་པར་ལྟོས་དང་། ཁོས་དེ་སྔར་ངའི་རྩར་མི་མངགས་ནས་ངའི་བཙུན་མོ་རྣམས་དང་བུ་དང་བུ་མོ་རྣམས་དང་། ངའི་དངུལ་དང་གསེར་རྣམས་དགོས་པར་སྨྲས་ནའང་། ངས་ཁོ་ལ་མི་སྟེར་མ་སྨྲས་ཞེས་སྨྲས་པ་ན།
8 རྒན་པོ་རྣམས་དང་མི་ཐམས་ཅད་ཀྱིས་ཁོང་ལ། ཁོའི་གཏམ་ལ་མ་གསན་ལ་ཁོའི་འདོད་ལའང་མ་བསྟུན་ཞེས་ཞུས་པའི་རྐྱེན་གྱིས།
9 ཨ་ཧབ་ཀྱིས་པེན་ཧ་དཱད་ཀྱི་བང་ཆེན་རྣམས་ལ། ཁྱོད་ཅག་གིས་ངའི་ཇོ་བོ་དང་ངའི་རྒྱལ་པོ་ལ་འདི་ལྟར་ཞུས་ཤིག ཁྱེད་ཀྱིས་ཐེངས་དང་པོར་བང་ཆེན་མངགས་ནས་ཉིད་ཀྱི་ཞབས་ཕྱི་བདག་ལ་ཅི་དགོས་གསུངས་པ་ཐམས་ཅད་བདག་གིས་དེ་བཞིན་བྱས་ཆོག འོན་ཀྱང་ཐེངས་འདིའི་རེ་བ་ནི་ངས་བསྐང་མི་ནུས་སོ་ཞེས་སྨྲས་པ་དང་། བང་ཆེན་རྣམས་སོང་ནས་འཕྲིན་དེ་པེན་ཧ་དཱད་ལ་སྤྲད་པར།
10 པེན་ཧ་དཱད་ཀྱིས་ཡང་བང་ཆེན་བཏང་ནས་ཨ་ཧབ་ལ། གལ་ཏེ་སཱ་མར་ཡ་ཡི་ས་རྡུལ་ནི་ངའི་རྗེས་སུ་འབྲངས་པའི་མི་རེ་རེར་སྤར་བ་གང་རེ་འདང་བ་ཡིན་ན། ལྷ་རྣམས་ཀྱིས་ང་ལ་འདིའམ་འདི་ལས་ལྷག་པ་ཞིག་མཛད་པར་ཤོག་ཅེས་སྨྲས་པ་དང་།
11 ཡེས་ར་ཨེལ་གྱི་རྒྱལ་པོས། གོ་ཁྲབ་གྱོན་པའི་མི་ཡིས་གོ་ཁྲབ་ཕུད་མཁན་ལྟར་རློམ་སེམས་མ་སྐྱེད་ཅིག་ཅེས་དེ་ལ་ལན་བཏབ་ཅིང་།
12 སྐབས་དེར་པེན་ཧ་དཱད་ཀྱིས་རྒྱལ་པོ་གཞན་རྣམས་དང་ལྷན་དུ་གུར་ནང་དུ་ཆང་འཐུང་བཞིན་ཡོད་ལ། འཕྲིན་འདི་ཐོས་ནས་འཁོར་གཡོག་རྣམས་ལ། རུ་སྒྲིགས་ལ་ཕར་རྒོལ་ཞིག་ཅེས་བསྒོས་པ་དང་དེ་དག་གིས་རུ་བསྒྲིགས་ནས་གྲོང་ཁྱེར་དེ་ལ་རྒོལ་བའོ། །
ཨ་ཧབ་ཀྱིས་པེན་ཧ་དཱད་ཕམ་པར་བརྒྱབ་པ།
13 དེའི་དུས་སུ་ལུང་སྟོན་པ་ཞིག་ཡེས་ར་ཨེལ་གྱི་རྒྱལ་པོ་ཨ་ཧབ་ཀྱི་དྲུང་དུ་འོངས་ནས་ཁོང་ལ། དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ཁྱོད་ཀྱིས་དཔུང་ཚོགས་ཆེན་པོ་འདི་རྣམས་མཐོང་ངམ། ལྟོས་ཤིག དེ་རིང་བདག་གིས་དེ་རྣམས་ཁྱོད་ཀྱི་ལག་ཏུ་སྤྲོད་ཅིང་། དེ་ནས་ཁྱོད་ཀྱིས་བདག་ནི་ཡ་ཝཱེ་ཡིན་པ་རྟོགས་པར་འགྱུར་ཞེས་གསུངས་སོ་ཞེས་སྨྲས་པ་ལ།
14 ཨ་ཧབ་ཀྱིས་སུ་ཞིག་བརྒྱུད་ནས་འདི་ལྟར་འབྱུང་ངམ་ཞེས་དྲིས་པ་ན། ལུང་སྟོན་པ་ན་རེ། དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ལྗོངས་སོ་སོའི་འགོ་དཔོན་རྣམས་ཀྱི་རྗེས་སུ་འབྲང་བའི་ན་གཞོན་རྣམས་བརྒྱུད་ནས་བསྒྲུབ་ངེས་སོ་ཞེས་གསུངས་པ་དང་། ཡང་ཨ་ཧབ་ན་རེ། འཐབ་མོ་རྩོམ་མཁན་སུ་ཡིན་ནམ་ཞེས་དྲིས་པར། ལུང་སྟོན་པས་ལན་དུ། ཁྱོད་རང་ཡིན་ཞེས་གསུངས་སོ། །
15 དེ་ནས་ཨ་ཧབ་ཀྱིས་ལྗོངས་སོ་སོའི་འགོ་དཔོན་གྱི་རྗེས་སུ་འབྲང་བའི་ན་གཞོན་རྣམས་རྩིས་གྲངས་བླངས་པ་དང་། བསྡོམས་པས་མི་ཉིས་བརྒྱ་དང་སོ་གཉིས་ཡོད། དེའི་རྗེས་སུ་ཡང་ཁོང་གིས་ཡེས་ར་ཨེལ་པའི་ལྷག་ལུས་རྣམས་རྩིས་གྲངས་བླངས་པ་ལ་བསྡོམས་པས་མི་སྟོང་བདུན་དུ་སླེབས་པ་རེད།
16 ཉིན་གུང་ལ་པེན་ཧ་དཱད་དང་ཁོའི་དཔུང་གྲོགས་ཡིན་པའི་རྒྱལ་པོ་སུམ་ཅུ་སོ་གཉིས་ཀྱིས་གུར་ནང་དུ་ཆང་བག་མེད་དུ་འཐུང་བའི་དུས་སུ། དེ་རྣམས་ལམ་དུ་ཆས་པ་དང་།
17 ལྗོངས་རེ་རེའི་འགོ་དཔོན་རྣམས་ཀྱི་རྗེས་སུ་འབྲང་བའི་ན་གཞོན་རྣམས་སྔོན་ལ་སླེབས་པ་དང་། པེན་ཧ་དཱད་ཀྱིས་མྱུལ་ཞིབ་པ་བཏང་བ་དང་དེ་དག་གིས་ཁོ་ལ། སཱ་མར་ཡའི་ཕྱོགས་ནས་མི་རྣམས་སླེབས་བྱུང་ཞེས་སྨྲས།
18 དེར་པེན་ཧ་དཱད་ན་རེ། དེ་རྣམས་ཞི་མཐུན་གྱི་ཆེད་དུ་སླེབས་པ་ཡིན་ན་གསོན་པོར་ཟུངས་ཤིག འཐབ་ཏུ་ཐོན་པ་ཡིན་ནའང་གསོན་པོར་ཟུངས་ཤིག་ཅེས་བསྒོས་སོ། །
19 ལྗོངས་སོ་སོའི་འགོ་དཔོན་རྣམས་ཀྱི་རྗེས་སུ་འབྲང་བའི་ན་གཞོན་རྣམས་གྲོང་ཁྱེར་ནས་ཐོན་ཞིང་། དམག་དཔུང་ཡང་དེ་དག་གི་རྗེས་སུ་སླེབས་པ་དང་།
20 མི་རེ་རེས་རང་རང་གི་འགྲན་ཟླ་རྣམས་བསད་པས། ཨ་རམ་པ་རྣམས་བྲོས་ཤིང་ཡེས་ར་ཨེལ་པ་རྣམས་ཀྱིས་རྗེས་བསྙེགས་ཀྱང་། ཨ་རམ་གྱི་རྒྱལ་པོ་པེན་ཧ་དཱད་ནི་རྟ་ལ་ཞོན་ཏེ་སྐྱ་དམག་སྐོར་ཞིག་དང་མཉམ་དུ་བྲོས་པའོ། །
21 ཡེས་ར་ཨེལ་གྱི་རྒྱལ་པོ་ཡང་དེར་སླེབས་ནས་རྟ་དང་ཤིང་རྟ་རྣམས་ལ་རྒོལ་ཞིང་། གསོད་གཅོད་ཆེན་པོས་ཨ་རམ་པ་རྣམས་ཕམ་པར་བརྒྱབ་བོ། །
22 དེ་ནས་ལུང་སྟོན་པ་དེ་ཡེས་ར་ཨེལ་གྱི་རྒྱལ་པོའི་དྲུང་དུ་འོངས་ནས་ཁོང་ལ། སང་ལོའི་དཔྱིད་དུས་སུ་ཨ་རམ་གྱི་རྒྱལ་པོ་སླར་ཡང་ཁྱེད་ལ་དམག་འདྲེན་དུ་འོང་བས། སོང་ལ་སྟོབས་ཤུགས་འཛོམས་པར་གྱིས་ཤིག རང་གིས་ཅི་བྱེད་དགོས་པར་མཉམ་ཞོག་ཅིག་ཅེས་གསུངས་སོ། །
23 དེ་ནས་ཨ་རམ་གྱི་རྒྱལ་པོའི་འཁོར་གཡོག་རྣམས་ཀྱིས་ཁོ་ལ། ཡེས་ར་ཨེལ་པ་རྣམས་ཀྱི་ལྷ་རྣམས་ནི་རི་བོ་དག་གི་ལྷ་ཡིན་པས། དེ་དག་རང་ཅག་ལས་སྟོབས་ཤུགས་ཆེ་བ་རེད། འོན་ཀྱང་རང་ཅག་གིས་བདེ་ཐང་ནས་དེ་དག་ལ་འཐབ་ན་རྒྱལ་ཁ་ལེན་ཐུབ་ངེས་ཡིན།
24 རྒྱལ་པོ་ཁྱེད་ཀྱིས་འདི་བཞིན་བྱེད་འོས་ཏེ། རྒྱལ་པོ་རྣམས་རང་རང་གི་གོ་ས་ལས་ཕབ་སྟེ། དེ་དག་གི་གོ་ས་རུ་དམག་དཔོན་རྣམས་བསྐོས་ནས།
25 སྟོངས་ཟིན་པའི་དམག་དཔུང་གི་ཚབ་ཏུ་དམག་དཔུང་གསར་པ་ཞིག་དང་། རྟའི་ཚབ་ཏུ་རྟ་དང་ཤིང་རྟའི་ཚབ་ཏུ་ཤིང་རྟ་རྣམས་གཤམ་དགོས། དེ་ནས་རང་ཅག་གིས་བདེ་ཐང་ནས་དེ་དག་ལ་འཐབ་ན། རང་ཅག་དེ་དག་ལས་རྒྱལ་བར་འགྱུར་རོ་ཞེས་ཞུས་པས། ཁོས་དེ་རྣམས་ཀྱི་གཏམ་ལ་མཉན་ནས་དེ་བཞིན་དུ་བྱས་སོ། །
26 དེ་ནས་དཔྱིད་ཀའི་དུས་སུ། པེན་ཧ་དཱད་ཀྱིས་ཨ་རམ་པ་རྣམས་རྩིས་གྲངས་བླངས་ནས་ཡེས་ར་ཨེལ་ལ་འཐབ་པར་ཨ་ཕེག་ཅེས་པར་སོང་ངོ་། །
27 ཡེས་ར་ཨེལ་པ་རྣམས་ཀྱིས་མི་རྩིས་བླངས་ནས་རྒྱགས་མཁོ་སྤྲོད་བྱས་ཏེ། ཨ་རམ་པའི་གདོང་བསུས་ནས་འཐབ་ཏུ་སོང་། ཡེས་ར་ཨེལ་པ་རྣམས་ཀྱིས་དེ་རྣམས་ཀྱི་ཁ་གཏད་དུ་སྒར་ཕབ་པ་དང་རེའུ་ཡི་ཁྱུ་ཆུང་ངུ་གཉིས་དང་མཚུངས་ལ། ཨ་རམ་པས་ཡུལ་དེ་ཁྱབ་ནས་བསྡད་ཡོད་དོ། །
28 དེ་ནས་དཀོན་མཆོག་གི་སྐྱེས་བུ་ཞིག་འོངས་ནས་ཡེས་ར་ཨེལ་གྱི་རྒྱལ་པོ་ལ། དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ཨ་རམ་པས་དཀོན་མཆོག་ཡ་ཝཱེ་ནི་རི་བོ་དག་གི་དཀོན་མཆོག་ཡིན་པ་དང་བདེ་ཐང་གི་དཀོན་མཆོག་མིན་པར་སྨྲ་བས་ན། བདག་གིས་དཔུང་ཚོགས་ཆེན་པོ་འདི་ཐམས་ཅད་ཁྱོད་ཀྱི་ལག་ཏུ་སྤྲད་དོ། །དེ་ནས་ཁྱོད་རྣམས་ཀྱིས་བདག་ནི་ཡ་ཝཱེ་ཡིན་པ་ཤེས་པར་འགྱུར་ཞེས་གསུངས་ཞེས་སྨྲས་སོ། །
29 དེ་བཞིན་དུ་ཉིན་ཞག་བདུན་གྱི་རིང་ལ་ཡེས་ར་ཨེལ་པ་དང་ཨ་རམ་པ་གཉིས་ཀྱིས་ཕན་ཚུན་ཁ་གཏད་དུ་དམག་སྒར་ཕབ་ནས་བསྡད་དེ། ཉིན་བདུན་པར་དམག་འཐབ་འགོ་བརྩམས་པ་རེད། ཡེས་ར་ཨེལ་པ་རྣམས་ཀྱིས་ཉིན་གཅིག་གི་ནང་དུ་ཨ་རམ་པའི་རྐང་དམག་འབུམ་གཅིག་བསད་པ་དང་།
30 ཤུལ་དུ་ལུས་པ་རྣམས་ཨ་ཕེག་གྲོང་ཁྱེར་དུ་བྲོས་ནའང་། མཁར་གྱང་ལོག་ནས་ཤུལ་དུ་ལུས་པའི་མི་ཉིས་ཁྲི་བདུན་སྟོང་མནན་ཏེ་ཤིའོ། །པེན་ཧ་དཱད་ཀྱང་གྲོང་ཁྱེར་ནང་དུ་བྲོས་ཏེ་ཁང་བ་སྦུག་མ་ཞིག་ལ་སྦས་ནས་བསྡད་དོ། །
31 དེ་ནས་ཁོའི་འཁོར་གཡོག་རྣམས་ཀྱིས་ཁོ་ལ། གཟིགས་དང་། ཡེས་ར་ཨེལ་ཁྱིམ་རྒྱུད་གྱི་རྒྱལ་པོ་རྣམས་ནི་རྒྱལ་པོ་སྙིང་རྗེ་ཅན་ཡིན་པར་ཐོས་བྱུང་སྟེ། རང་ཅག་གིས་ཁོག་སྨད་དུ་རྩིད་རས་གྱོན་པ་དང་། མགོ་ལ་ཐག་པ་དཀྲིས་ནས་ཡེས་ར་ཨེལ་གྱི་རྒྱལ་པོའི་དྲུང་དུ་སོང་ན། ཁྱེད་རང་སྲོག་ཐར་དུ་གཏོང་ཡང་སྲིད་ཅེས་ཞུས་པས།
32 ཁོ་རྣམས་ཀྱིས་ཁོག་སྨད་དུ་རྩིད་རས་གྱོན་པ་དང་། མགོ་ལ་ཐག་པ་དཀྲིས་ནས་ཡེས་ར་ཨེལ་གྱི་རྒྱལ་པོའི་དྲུང་དུ་ཕྱིན་ཏེ་ཁོང་ལ། ཁྱེད་ཀྱི་ཞབས་ཕྱི་པེན་ཧ་དཱད་ཀྱིས་འདི་ལྟར། ཐུགས་རྗེས་གཟིགས་ཏེ་ང་སྲོག་ཐར་དུ་གཏོང་བར་མཛོད་ཅེས་ཞུའོ་ཞེས་ཞུས་པས། ཨ་ཧབ་ཀྱིས་ལན་དུ། ཁོ་ད་དུང་གསོན་པོར་ཡོད་དམ། ཁོ་ནི་ངའི་སྤུན་མཆེད་ཡིན་ཞེས་སྨྲས་སོ། །
33 མི་དེ་དག་གིས་གཏམ་དེ་ནི་ལྟས་བཟང་ཡིན་པར་སྙམ་ནས་མྱུར་དུ་ཁོང་ལ་ལན་སྤྲད་དེ། པེན་ཧ་དཱད་ནི་སྐུ་ཉིད་ཀྱི་སྐུ་མཆེད་ལགས་སོ་ཞེས་སྨྲས་པ་ལ། ཨ་ཧབ་ན་རེ། ཁྱོད་རྣམས་སོང་ལ་ཁོ་རང་ཁྲིད་ཤོག་ཅེས་སྨྲས་པ་དང་། པེན་ཧ་དཱད་ཁོང་དང་འཕྲད་དུ་འོངས་པ་དང་། ཨ་ཧབ་ཀྱིས་ཁོ་རང་གི་ཤིང་རྟའི་ནང་སྡོད་དུ་བཅུག་གོ །
34 དེ་ནས་པེན་ཧ་དཱད་ཀྱིས་ཨ་ཧབ་ལ། ངའི་ཕ་ཡིས་ཁྱེད་ཀྱི་ཡབ་ལས་ཕྲོགས་པའི་གྲོང་ཁྱེར་ཐམས་ཅད་ངས་ཁྱེད་ལ་ཕྱིར་འབུལ་བར་བྱ། ཡང་ངའི་ཕ་ཡིས་སཱ་མར་ཡ་ཡུལ་དུ་ཚོང་འདུས་ཁྲོམ་ར་བཙུགས་པ་ལྟར། ཁྱེད་ཀྱིས་ཀྱང་དཱ་མེ་སེག་གྲོང་ཁྱེར་དུ་ཚོང་འདུས་ཁྲོམ་ར་ཞིག་འཛུགས་པར་མཛོད་ཅེས་ཞུས་པ་ལ། ཨ་ཧབ་ཀྱིས་ངས་ཁྱོད་ལ་ཁ་ཆད་འདི་ལྟ་བུ་བཞག་ནས་ཁྱོད་འགྲོ་རུ་འཇུག་གོ་ཞེས་སྨྲས་ཤིང་། ཁོང་གིས་ཁ་ཆད་བཞག་པ་དང་པེན་ཧ་དཱད་འགྲོ་རུ་བཅུག་གོ །
ལུང་སྟོན་པ་ཞིག་གིས་རྒྱལ་པོ་ཨ་ཧབ་ལ་ཐ་ཚིག་བསྒྲགས་པ།
35 དེ་ནས་ལུང་སྟོན་པའི་ཐུགས་སྲས་རྣམས་ལས་གཅིག་གིས་དཀོན་མཆོག་ཡ་ཝཱེའི་བཀའ་ནང་བཞིན་ཐུགས་སྲས་གཞན་ཞིག་ལ། ཁྱོད་ཀྱིས་ང་ལ་རྡུངས་ཤིག་ཅེས་སྨྲས་ཀྱང་། དེས་ཁོ་ལ་མི་རྡུང་ངོ་། །
36 དེ་རུ་ཁོས་མི་དེ་ལ། ཁྱོད་ཀྱིས་དཀོན་མཆོག་ཡ་ཝཱེའི་བཀའ་ལ་མ་མཉན་པས། ང་དང་བྲལ་མ་ཐག་ཏུ་སེང་གེ་ཞིག་གིས་ཁྱོད་ལ་སོ་བཏབ་ནས་གསོད་པར་འགྱུར་ཞེས་སྨྲས་པ་དང་། མི་དེ་ཁོང་དང་བྲལ་ནས་སོང་མ་ཐག་ཏུ་སེང་གེ་ཞིག་དང་ཕྲད་ནས་ཁོ་བསད་དོ། །
37 ཡང་ལུང་སྟོན་པའི་ཐུགས་སྲས་དེ་མི་གཞན་ཞིག་དང་ཕྲད་ནས་དེ་ལ། ང་ལ་རྡུང་བར་མཛོད་ཅིག་ཅེས་སྨྲས་པ་ལ། མི་དེས་ཁོ་ལ་བརྡུངས་ནས་རྨས་པར་བྱས།
38 དེ་ནས་ལུང་སྟོན་པ་དེ་སོང་ནས་ལམ་ཁར་རྒྱལ་པོར་བསྒུགས་པ་དང་། རང་གི་མིག་ཟུང་ལག་རས་ཀྱིས་བཀབ་ནས་གྱོན་ཆས་བསྒྱུར་ཏོ། །
39 རྒྱལ་པོ་ཁོའི་མདུན་ནས་འགྲོ་བའི་དུས་སུ། ཁོས་སྐད་ཆེན་པོས་རྒྱལ་པོ་བོས་ཏེ། ཁྱེད་ཀྱི་ཞབས་ཕྱི་བདག་འཐབ་མོར་ཞུགས་པ་དང་གཡུལ་འགྱེད་པའི་དུས་སུ། ཀྱེ་ཧོ། དམག་མི་ཞིག་གློ་བུར་ཉིད་ལ་ཁ་ཕྱིར་འཁོར་ནས་བདག་གི་རྩར་མི་ཞིག་ཁྲིད་འོངས་ཏེ་བདག་ལ་མི་འདི་བསྲུང་བར་གྱིས་ཤིག གལ་ཏེ་མི་འདི་བོར་ན་དེའི་སྲོག་ཚབ་ཏུ་ཁྱོད་ཀྱི་སྲོག་འགྲོ་དགོས། དེ་མིན་ན་ཁྱོད་ཀྱིས་དངུལ་རྡོ་ཚད་གཅིག་འཇལ་དགོས་ཞེས་སྨྲས་བྱུང་།
40 དེ་ནས་ཁྱེད་ཀྱི་ཞབས་ཕྱི་བདག་ཡར་མར་གྱི་དོན་མང་པོར་བྲེལ་བས་ན་མི་དེ་བྲོས་སོང་ཞེས་ཞུས་པ་དང་། ཡེས་ར་ཨེལ་གྱི་རྒྱལ་པོས་ཁོ་ལ། ཁྱོད་ཀྱིས་རང་ཉིད་ལ་ཁྲིམས་བཅད་པས། དེ་བཞིན་དུ་ཁྱོད་ལ་ཁྲིམས་གཅོད་པར་བྱའོ་ཞེས་སྨྲས་པ་དང་།
41 ཁོས་མྱུར་དུ་རང་གི་གདོང་ལས་ལག་རས་དེ་ཕུད་པས། ཡེས་ར་ཨེལ་གྱི་རྒྱལ་པོས་ཁོ་ནི་ལུང་སྟོན་པ་ཞིག་ཡིན་པར་ཤེས་སོ། །
42 དེར་ལུང་སྟོན་པས་རྒྱལ་པོ་ལ། དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ཁྱོད་ཀྱིས་བདག་གིས་རྩ་མེད་གཏོང་དགོས་པའི་མི་རང་གི་ལག་ནས་འགྲོ་རུ་བཅུག་པའི་རྐྱེན་གྱིས། ཁོའི་སྲོག་གི་ཚབ་ཏུ་ཁྱོད་ཀྱི་སྲོག་དང་། ཁོའི་འབངས་ཀྱི་ཚབ་ཏུ་ཁྱོད་ཀྱི་འབངས་འགྲོ་བར་འགྱུར་རོ་ཞེས་བསྒོས་པ་ན།
43 ཡེས་ར་ཨེལ་གྱི་རྒྱལ་པོ་ཡིད་མུག་ཅིང་བློ་མི་བདེ་བར་གྱུར་ནས། ཕྱིར་སཱ་མར་ཡ་རུ་རང་གི་ཕོ་བྲང་དུ་ལོག་གོ །