ལེའུ་བཞི་པ།
སོ་ལོ་མོན་གྱི་མངའ་འོག་གི་དཔོན་རིགས་རྣམས།
དེ་ལྟར་སོ་ལོ་མོན་ནི་ཡེས་ར་ཨེལ་ཡོངས་ཀྱི་རྒྱལ་པོར་གྱུར་ཅིང་། ཁོང་གི་མངའ་འོག་ཏུ་ཡོད་པའི་བློན་པོ་རྣམས་འདི་ལྟ་སྟེ། ཟཱ་ཏོག་གི་བུ་ཨ་ཟར་ཡཱ་ནི་མཆོད་དཔོན་དང་། སེ་སཱ་ཡི་བུ་ཨེ་ལི་ཧོ་རེབ་དང་ཨ་ཧི་ཡཱ་གཉིས་ནི་དྲུང་ཡིག་དང་ཨ་ཧི་ལུད་ཀྱི་བུ་ཡེ་ཧོ་ཤ་ཕད་ནི་ལོ་རྒྱུས་འགོད་མཁན་དང་། ཡེ་ཧོ་ཡ་དཱ་ཡི་བུ་པེ་ནཱ་ཡ་ནི་དམག་དཔོན་དང་ཟཱ་ཏོག་དང་ཨབ་ཡཱ་ཐར་གཉིས་ནི་མཆོད་དཔོན་དང་། ནཱ་ཐན་གྱི་བུ་ཨ་ཟར་ཡཱ་དེ་དཔོན་རིགས་རྣམས་ཀྱི་སྤྱི་དཔོན་དང་། རྒྱལ་པོའི་གྲོགས་པོ་ནཱ་ཐན་གྱི་བུ་ཟ་པུད་ནི་འགོ་དཔོན་ཡིན་ནོ། ། ཡང་ཕོ་བྲང་གི་ནང་བློན་དུ་ཨ་ཧི་ཤར་དང་ངལ་ལས་པ་རྣམས་ཀྱི་འགོ་དཔོན་ལ་ཨབ་དཱ་ཡི་བུ་ཨ་དོ་ནི་རཱམ་བཞག་གོ །
ཡང་སོ་ལོ་མོན་གྱིས་ཡེས་ར་ཨེལ་ཡོངས་ནས་རྒྱལ་པོ་རང་དང་ཁོང་གི་ཕོ་བྲང་ལ་བཟའ་བཏུང་མཁོ་འདོན་བྱེད་མཁན་སྤྱི་དཔོན་བཅུ་གཉིས་བསྐོས་པ་དང་། མི་རེ་རེས་ལོ་འཁོར་རེའི་ཟླ་བ་གཅིག་ལ་མཁོ་འདོན་བྱེད་པ་ཡིན། དེ་དག་གི་མིང་རྣམས་ནི་འདི་ལྟ་སྟེ། པེན་ཧུར་ནི་ཨེ་ཕཱར་ཡིམ་རི་བོའི་ཡུལ་དུ་ཡོད་པ་དང་། པེན་ཏི་ཀིར་གྱི་བུ་ནི། མ་ཀ་ཙི་དང་ཤཱ་ཨལ་པིམ་དང་པེད་ཤེ་མེ་སི་དང་པེད་ཧ་ནན་གྱི་ཨེ་ལོན་ཡུལ་བཅས་སུ་ཡོད་པ་ཡིན། 10 པེན་ཧེ་སེད་ཀྱི་བུ་ནི་ཨ་རུབ་རྦོད་ཡུལ་དུ་ཡོད་ལ། སོ་ཀོ་དང་ཧེ་ཕེར་གྱི་ཡུལ་རྣམས་ཀྱང་ཁོའི་མངའ་ཁོངས་སུ་གཏོགས་སོ། ། 11 པེན་ཨ་བི་ནཱ་དབ་ནི་ནཱ་ཕད་དཱོར་གྱི་ཡུལ་ཐམས་ཅད་དུ་ཡོད་པ་དང་ཁོས་སོ་ལོ་མོན་གྱི་སྲས་མོ་ཏ་ཕད་ཆུང་མར་བླངས་པའོ། ། 12 ཨ་ཧི་ལུད་ཀྱི་བུ་པ་ཨ་ནཱ་ནི་ཐ་ཨ་ནག་དང་། མེ་གིད་དོ་དང་། ཟར་ཐན་གྱི་ཐག་ཉེ་རུ་ཡོད་པའི་པེད་ཤེ་ཨན་ཡུལ་ཐམས་ཅད་དེ། ཡེ་སི་རེ་ཨེལ་གྱི་ལྷོ་ཕྱོགས་སུ་ཡོད་པའི་པེད་ཤེ་ཨན་ནས་ཨ་བེལ་མེ་ཧོ་ལཱ་དང་ཡོག་མེ་ཨམ་གྱི་ཕར་ཕྱོགས་བར་དུ་ཡོད་པའི་ཡུལ་ཐམས་ཅད་ཡིན་པའོ། ། 13 པེན་གེ་བེར་ནི་གིལ་ཨད་ཡུལ་ན་ཡོད་པའི་རཱ་མོད་དུ་ཡོད་པ་དང་། མཱ་ན་ཤེའི་བུ་རྒྱུད་ཡཱ་ཨིར་གྱི་གིལ་ཨད་ཀྱི་གྲོང་རྡལ་རྣམས་དང་། པཱ་ཤན་གྱི་ཨར་གོབ་ཡུལ་གྱི་མཁར་གྱང་དང་ལི་ཡི་སྒོ་གཏན་ཅན་གྱི་གྲོང་ཁྱེར་ཆེན་པོ་དྲུག་ཅུ་དང་བཅས་པ་རྣམས་ནི་ཁོ་ལ་གཏོགས་པའོ། ། 14 ཨེད་ཏོ་ཡི་བུ་ཨ་ཧི་ན་དབ་ནི་མཱ་ཧ་ནཱ་ཡིམ་ཡུལ་དུ་ཡོད་པ་དང་། 15 ཨ་ཧི་མ་ཨ་ཙི་ཞེས་བྱ་བ་ནཱབ་ཐ་ལི་རུ་ཡོད་པ་ཡིན་ལ། ཁོས་སོ་ལོ་མོན་གྱི་སྲས་མོ་པཱ་མད་བྱ་བ་ཆུང་མར་བླངས་སོ། ། 16 ཧུ་ཤཱ་ཨི་ཡི་བུ་པ་ཨ་ནཱ་ཞེས་བྱ་བ་ཨ་ཤེར་དང་པེ་ཨ་ལོད་ཡུལ་དུ་ཡོད་པ་ཡིན། 17 ཕཱ་རིའུ་ཡི་བུ་ཡེ་ཧོ་ཤ་ཕད་ནི་ཡེས་སི་ཀཱར་ཡུལ་དུ་ཡོད་པ་དང་། 18 ཨེ་ལཱ་ཡི་བུ་ཤིམ་ཨི་ནི་པེན་ཡཱ་མེན་ཡུལ་དུ་ཡོད་པ་ཡིན། 19 ཨུ་རིའི་བུ་གེ་བེར་ནི་གིལ་ཨད་ཡུལ་དུ་ཡོད་པ་ཡིན་ལ། ཨེ་མོར་པའི་རྒྱལ་པོ་སི་ཧོན་དང་པཱ་ཤན་ཡུལ་གྱི་རྒྱལ་པོ་ཨོག་ *གི་ཡུལ་རྣམས་དེའི་ཁོངས་སུ་འདུས་ལ། དེ་རུ་ཁོ་ལས་འགོ་དཔོན་གཞན་མེད་དོ། །
སོ་ལོ་མོན་གྱི་ཉིན་རེའི་ཁ་ཟས།
20 ཡ་ཧུ་དཱ་པ་དང་ཡེས་ར་ཨེལ་པ་ནི་མི་ཤིན་ཏུ་མང་པོ་ཡོད་ཅིང་། རྒྱ་མཚོ་འགྲམ་གྱི་བྱེ་མ་བཞིན་མང་བ་དང་། བཟའ་བཏུང་སྤྱད་དེ་སྐྱིད་ལ་རོལ་ཏོ། ། 21 སོ་ལོ་མོན་གྱིས་ཕི་རཱད་ཆུ་བོ་ནས་ཕེ་ལེ་ཤེད་པའི་ཡུལ་དང་ཨེ་ཅིབ་ཡུལ་གྱི་ས་མཚམས་བར་དུ་དབང་བསྒྱུར་ཅིང་། སོ་ལོ་མོན་གྱི་སྐུ་ཚེ་གང་པོར་རྒྱལ་ཁམས་དེ་དག་གིས་ཁོང་ལ་ཁྲལ་བཅལ་ནས་ཁོང་ལ་ཞབས་ཏོག་བསྒྲུབས་སོ། ། 22 ཡང་སོ་ལོ་མོན་གྱི་ཉིན་རེའི་ཁ་ཟས་ནི། གྲོ་ཞིབ་ཁལ་སུམ་ཅུ་དང་བག་ཕྱེ་ཁལ་དྲུག་ཅུ་དང་། 23 གླང་ཤ་ཤེད་ཅན་བཅུ་དང་། རྩྭ་ཐང་གི་གླང་ཉི་ཤུ་དང་། ར་ལུག་བརྒྱ་དང་། དེ་མིན་རི་དྭགས་ཤྭ་བ་དང་། དགོ་བ། ཁ་ཤྭ། ཁྱིམ་བྱ་བཅས་སོ། ། 24 ཁོང་གིས་ཕི་རཱད་ཆུ་བོའི་ནུབ་ཕྱོགས་ཀྱི་ཏིབ་སཱ་ནས་གཱ་ཟཱ་ཡོངས་དང་། ཕི་རཱད་ཆུ་བོའི་ནུབ་ཕྱོགས་ཀྱི་རྒྱལ་པོ་རྣམས་ལ་དབང་བསྒྱུར་བས་ཁོང་གི་ཕྱོགས་བཞི་བདེ་བར་གནས་པ་ཡིན། 25 སོ་ལོ་མོན་གྱི་སྐུ་རིང་ལ་དཱན་ནས་པེར་ཤ་བཱ་ཡི་བར་དུ། ཡ་ཧུ་དཱ་པ་དང་ཡེས་ར་ཨེལ་པ་རྣམས་ནི་མི་རེ་རེ་རང་རང་གི་རྒུན་འབྲུམ་སྡོང་པོ་དང་སེ་ཡབ་ཤིང་གི་འོག་ཏུ་བདེ་བར་འཚོ་བའོ། ། 26 ཡང་སོ་ལོ་མོན་ལ་ཤིང་རྟ་འདྲུད་པའི་རྟ་བཞི་ཁྲི་དང་། སྐྱ་དམག་ཆིག་ཁྲི་ཉིས་སྟོང་བཅས་ཡོད་པ་ཡིན། 27 སྤྱི་དཔོན་དེ་དག་གིས་རྒྱལ་པོ་སོ་ལོ་མོན་དང་། ཁོང་གི་གསོལ་ལྕོག་སྟེང་དུ་ཟས་ལ་རོལ་བ་རྣམས་ཀྱི་ཆེད་དུ། སོ་སོར་ཟླ་རེ་བཞིན་ཁ་ཟས་ཅི་ཡང་མ་ཆད་པར་དྲངས་སོ། ། 28 ཡང་དེ་དག་གིས་རང་རང་གི་ལས་ཁག་བཞིན་དུ། ཤིང་རྟ་འདྲུད་པའི་རྟ་དང་ཆིབས་ཆེན་རྣམས་ལ་ནས་དང་སོག་མ་ནི་གཏན་ལ་ཁེལ་བའི་གནས་སུ་དྲངས་སོ། །
སོ་ལོ་མོན་གྱི་ཤེས་རབ།
29 ཡང་དཀོན་མཆོག་གིས་སོ་ལོ་མོན་ལ་ཤེས་རབ་དང་ཁྱད་དུ་འཕགས་པའི་བློ་རིག་དང་། ཐུགས་རྒྱ་ཡངས་པ་བཅས་གནང་བ་ནི་རྒྱ་མཚོའི་བྱེ་མ་ལྟར་ཚད་ལས་བརྒལ་ཞིང་བགྲང་གིས་མི་ལང་བ་ཡིན། 30 སོ་ལོ་མོན་གྱི་ཤེས་རབ་ནི་ཤར་ཕྱོགས་པ་ཀུན་གྱི་ཤེས་རབ་ལས་ཕ་མཐར་བརྒལ་ཞིང་ཨེ་ཅིབ་པ་ཚང་མའི་ཤེས་རབ་ལས་ཀྱང་བརྒལ་བ་ཡིན། 31 ཁོང་ནི་མི་ཐམས་ཅད་དང་ཨེས་རག་པ་ཨེ་ཐན་དང་། མ་ཧོལ་གྱི་བུ་རྣམས་ཏེ་ཧེ་མན་དང་། ཁལ་ཀོལ་དང་ཏར་དཱ་བཅས་ལས་ཀྱང་མཁས་པ་ཡིན་པས། ཕྱོགས་བཞིའི་མི་ཐམས་ཅད་ཁྲོད་དུ་ཁོང་གི་མཚན་སྙན་རྒྱས་སོ། ། 32 ཁོང་གིས་གསུངས་པའི་ལེགས་བཤད་སྟོང་ཕྲག་གསུམ་དང་ཁོང་གི་མགུར་མའི་གྲངས་ནི་ཆིག་སྟོང་ལྔའོ། ། 33 ཁོང་གིས་ལེ་པཱ་ནོན་ཡུལ་གྱི་ཐང་ཤིང་ནས་བཟུང་སྟེ། རྩིག་ངོས་སུ་སྐྱེས་པའི་ཨི་སོབ་རྩྭ་ཤིང་གི་བར་དུ་གསུང་གླེང་མཛད་པ་དང་། ཡང་དུད་འགྲོ་དང་། འདབ་ཆགས་དང་། ལྟོ༌འགྲོ་དང་འབུ་སྲིན་དང་། ཉ་རྣམས་ཀྱི་སྐོར་ཡང་གསུང་གླེང་མཛད་དོ། ། 34 གནམ་འོག་གི་རྒྱལ་པོ་ཐམས་ཅད་ཀྱིས་རྒྱལ་པོ་སོ་ལོ་མོན་གྱི་ཤེས་རབ་ཐོས་ནས། ཕྱོགས་སོ་སོ་ནས་རྒྱལ་པོ་སོ་ལོ་མོན་གྱི་ཤེས་རབ་ལྡན་པའི་སྐད་ཆ་ལ་མཉན་པར་མི་མངགས་པའོ། །
* ལེའུ་བཞི་པ།:19 རྒྱལ་པོ་སི་ཧོན་དང་ཨོག་གཉིས་ཀྱི་ལོ་རྒྱུས་ཤེས་འདོད་ན་གྲངས་ཀའི་མདོ་ཡི་ལེའུ་ཉེར་གཅིག་པའི་ཚིག་རྐང་ཉེར་གཅིག་ནས་སོ་ལྔའི་བར་དང་། བཀའ་ལུང་གི་མདོ་ཡི་ལེའུ་གཉིས་པའི་ཚིག་རྐང་ཉེར་དྲུག་ནས་ལེའུ་གསུམ་པའི་ཚིག་རྐང་བཅུ་གཅིག་གི་བར་དང་། ཡོ་ཤུ་ཨའི་མདོ་ཡི་ལེའུ་དགུ་པའི་ཚིག་རྐང་བཅུ་པ་དང་། ལེའུ་བཅུ་གཉིས་པའི་ཚིག་རྐང་གཅིག་ནས་དྲུག་གི་བར་དུ་གསལ།